ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

མི་མང་བཙན་སྤོར་བྱེད་དུ་བཅུག་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྤྱི་ཟླ་༡༡་པའི་ཚེས་༡༨་ཉིན་མེ་སྐྱོན་ཆེན་པོ་ཞིག་བྱུང་ནས་བྱིས་པ་༨་ཚུད་པའི་མི་༡༩་ལ་སྲོག་སྐྱོན་བྱུང་བ་དང་། མེ་སྐྱོན་བྱུང་ས་ནི་རྒྱ་ནག་གི་པེ་ཅིང་གྲོང་ཁྱེར་གྱི་ཏྰ་ཞིན་ཞེས་པའི་ས་ཁུལ་གྱི་ཞིས་ཧྰོང་མིན་ཟེར་པའི་གྲོང་རྡལ་ཡིན་ཞིང་། གྲོང་རྡལ་དེར་ས་ཆ་གཞན་ནས་ཡོང་བའི་ཞོར་ལས་པ་མང་པོས་ཁང་པ་གླས་ནས་གནས་སྡོད་བྱེད་བཞིན་ཡོད། མེ་སྐྱོན་བྱུང་བའི་རྗེས་སུ་པེ་ཅིང་གྲོང་ཁྱེར་གཞུང་གིས་མེ་སྐྱོན་གྱི་གནོད་པ་ཐེབས་པའི་མི་ཚོར་སྐབས་བབ་ཀྱི་སྡོད་ཁང་བཀོད་སྒྲིག་དང་། བར་བརྒལ་གྱི་འགྲོ་ལུགས་སྡོད་སྟངས་ཅི་ཡང་མ་བསྒྲུབས་པར་ཉིན་༤༠་ནང་དུ་པེ་ཅིང་ས་གནས་ཀྱི་ཡུལ་མི་མིན་པའི་ཕྱི་མི་རྣམས་གནས་སྤོར་གཙང་སེལ་གྱི་ལས་འགུལ་ཞིག་སྤེལ་ནས་ཕྱི་ནས་ཡོང་བའི་མི་མང་པོ་ཞིག་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་འདུག པེ་ཅིང་གི་ཏྰ་ཞིན་ས་གནས་སྲིད་གཞུང་གིས་ཟླ་བ་འདིའི་ཚེས་༢༡་ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་ཡིག་ཆའི་ནང་དུ་དགོས་འདུན་བཏོན་པ་ལྟར་ས་གནས་དེར་མི་ལ་ཁང་པ་གླས་ཡོད་ཚད་ཉི་མ་ལྔའི་ནང་དུ་ཁང་པ་རྣམས་ཕྱིར་སློག་བྱས་ནས་མི་རྣམས་གནས་སྤོར་དུ་འཇུག་དགོས། དེ་ལྟར་མ་བྱུང་བ་ཡིན་ན་སྤྱི་ཚེས་༢༦་ཉིན་ནས་བཟུང་སྟེ་གཞིས་ཁུལ་དེ་དག་གི་ཆུ་དང་གློག་སོགས་བཙན་གཅོད་བྱ་རྒྱུ་ཡིན། ཕྱི་ཚེས་༢༦་ཉིན་གྱི་སྔོན་དུ་མི་རྣམས་གནས་སྤོར་ཡོངས་སུ་ཚར་དགོས། དུས་ཐོག་ཏུ་གནས་སྤོར་མ་བྱས་པ་ཡིན་ན་འབྲེལ་ཡོད་བཟོ་ཚོང་ཁང་དང་སྲིད་གཞུང་གིས་བཙན་དྲག་བཀོལ་རྒྱུ་ཡིན་པས་སྐབས་དེར་མཇུག་འབྲས་ཅི་འབྱུང་ལ་དོ་བདག་སོ་སོས་འགན་འཁུར་དགོས་ཅེས་བྲིས་འདུག དྲ་རྒྱའི་བརྒྱུད་ལམ་དུ་སྤེལ་པའི་བརྙན་ཐུང་དག་ལས་མཐོང་གསལ་ལ་ཉེན་རྟོག་མི་སྣ་དང་གཞུང་ཞབས་མི་སྣ་མང་པོ་ཞིག་ས་གནས་དེའི་ཕྱི་མི་གནས་སྡོད་པའི་སྒོ་ཁར་སླེབས་ནས་བཙན་དྲག་གི་སྒོ་ནས་མི་རྣམས་གནས་སྤོིར་བྱེད་དུ་འཇུག་གི་ཡོད་པས་ཐེངས་འདིར་སྤྱི་ཚོགས་སྟེང་གི་མི་མང་པོས་གནས་ཚུལ་འདིར་དོ་སྣང་བྱུང་ཡོད། ལྷག་པར་དུ་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་རྒྱ་ནག་གཞུང་གི་མཐོ་རིམ་འགོ་ཁྲིད་རྣམས་ཀྱི་མཚན་ཐོག་ཏུ་ཡོངས་བསྒྲགས་ཀྱི་སྙན་ཞུ་ཞིག་བཀྲམ་ནས་སྲིད་གཞུང་གིས་གནས་ཚུལ་འདིར་བསྐྱར་ཞིབ་བྱ་རྒྱུ་དང་འགན་འཁུར་ལེན་རྒྱུ། ཁྲིམས་འགལ་ལུགས་འགལ་དང་དྲག་སྤྱོད་ཀྱི་ཐབས་ཤེས་སྤྱད་ནས་མི་དམངས་ཀྱི་གནས་སྡོད་ཐོབ་ཐང་ལ་དོ་ཕོག་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ། ཕྱི་ཡོང་གི་སྤུན་ཟླ་འདི་དག་གི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ཡི་གེ་དེའི་ནང་དུ་སྤྱི་ཟླ་༡༡་པའི་ཚེས་༡༨་ཉིན་གྱི་མེ་སྐྱོན་དེ་ལ་པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་བསྐྱར་ཞིབ་བྱས་ཏེ་སྲིད་གཞུང་རང་ངོས་ནས་ཐེངས་འདིའི་མེ་སྐྱོན་གྱི་ངོས་ནས་འགན་མ་ཐེག་པའི་ནོར་འཁྲུལ་ཅི་བྱུང་ལ་རང་སྐྱོན་ངོས་ལེན་བྱ་དགོས་པ་དང་། ཐེངས་འདིའི་པེ་ཅིང་གི་ཕྱི་མི་རྣམས་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་རྒྱུའི་ལས་འགུལ་འདིས་མི་གྲངས་འབུམ་གཅིག་ལ་དཀའ་ངལ་སྤྲོད་ཀྱི་འདུག་ཅེས་བཀོད། རྒྱ་ནག་གི་མཐོ་རིམ་ལས་ཁུངས་དང་འགོ་ཁྲིད་ཚོར་ཕུལ་བའི་ཡོངས་བསྒྲགས་སྙན་ཞུ་དེར་རྒྱ་ནག་གི་ཉམས་ཞིབ་པ་དང་། ཁྲིམས་རྩོད་པ། སྒྱུ་རྩལ་པ། གསར་འགོད་པ་སོགས་ཁྱོན་མི་༡༡༠་ཡིས་མིང་རྟགས་བཀོད་ཅིང་། ཁོ་ཚོའི་གྲས་སུ་རྒྱ་ནག་གི་མི་སྣ་མིང་གྲགས་ཅན་ཀྲང་ཆན་ཧྥན་དང་ཧི་ཝེ་ཧྥང་། ཀྲང་ལི་ཧྥན། ཚོས་ཝེ་ཕིན་སོགས་ཡོད་པ་དང་། པེ་ཅིང་སློབ་ཆེན་གྱི་ཁྲིམས་ལུགས་སློབ་དཔོན་ཧི་ཝེ་ཧྥང་གིས་རྒྱ་ནག་གཞུང་གིས་ཐེངས་འདིར་དམའ་རིམ་གྱི་མི་འབོར་ཞེས་པའི་ནྰ་ཚི་པ་ཚོའི་བཤད་སྟངས་ལྟར་གྱི་ཚིག་ཅིག་བེད་སྤྱོད་བཏང་འདུག གཞུང་གིས་ཁྲིམས་ཀྱི་འགྲོ་ལུགས་མ་བརྒྱུད་པར་དམངས་ཆེན་གྱི་འཐུས་མིར་གྲོས་བསྡུར་ཡང་མ་བྱས་པ་དང་། སྤྱི་དམངས་ཀྱི་མི་ལུས་ཐོབ་ཐང་དང་རྒྱུ་ནོར་གྱི་ཐོབ་ཐང་སྣང་མེད་བཏང་བ་མ་ཟད། ད་དུང་དྲག་སྤྱོད་ཀྱི་བྱེད་ཐབས་ལག་བསྟར་བྱས་ནས་གཞུང་གི་འཛིན་སྐྱོང་གིས་བརྒྱ་ཁ་གཅིག་གཅོད་ཀྱིས་པེ་ཅིང་དུ་ཡོད་པའི་ཕྱི་མི་རྣམས་ཕྱི་ལ་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་བཞིན་པའི་གནས་ཚུལ་འདིའི་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། འདི་ནི་ད་ལྟའི་རྒྱ་ནག་གཞུང་གིས་སྒྲོག་བཞིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་གྱི་སྲོག་ཤིང་བརྗོད་གཞིར་དམའ་འབེབས་ཤིག་ཀྱང་རེད་ཅེས་བརྗོད་ཡོད། གོང་གི་ཤེས་ཡོན་ཅན་ཁག་ཅིག་གིས་རྒྱ་ནག་གཞུང་ལ་ཞུས་པའི་འབོད་སྐུལ་དེར་མུ་མཐུད་དུ་མིང་རྟགས་བསྡུ་འགོད་བྱེད་བཞིན་པ་དང་། ད་སྔ་འབོད་སྐུལ་ཡི་གེ་དེར་མིང་རྟགས་འགོད་མཁན་མང་ཆེ་བ་ནི་ཀྲུང་གོ་མི་དམངས་སློབ་ཆེན་དང་པེ་ཅིན་སློབ་ཆེན། ཆིན་ཧྭ་སློབ་ཆེན་སོགས་ཀྱི་དགེ་སློབ་དག་གཙོ་བོར་ཡིན་ཞིང་། ད་ལྟ་གནས་སྤོར་བྱ་དགོས་པའི་མི་མང་པོ་ཞིག་སྡོད་གནས་མེད་པའི་དཀའ་ངལ་གྱི་འོག་ཏུ་ཚུད་ཡོད། མི་དམངས་རང་ངོས་ནས་ཚུགས་པའི་དང་བླངས་ཚོགས་པ་ཁག་ཅིག་གིས་མི་རྣམས་ལ་གནས་སྐབས་སུ་སྡོད་གནས་འཚོལ་བ་སོགས་ཀྱི་རོགས་རམ་བྱེད་ཀྱི་འདུག་མོད། ཡིན་ནའང་རོགས་སྐྱོར་ཚོགས་པ་དེ་དག་གིས་དྲ་ལམ་དུ་སྤེལ་པའི་བརྡ་འཕྲིན་དག་གཞུང་གིས་ནག་བསུབ་བཏང་སྟེ། ཚོགས་པའི་འགན་འཛིན་དག་ལ་གཞུང་གིས་འདྲི་རྩད་བྱས་འདུག ད་སྔ་རྒྱ་ནག་གི་གཞུང་འབྲེལ་རྒྱ་གྲམ་དམར་པོའི་ཚོགས་པ་དང་། བུད་མེད་ལྷན་ཚོགས། བཟོ་བའི་ཚོགས་པ་སོགས་ཀྱིས་འདི་ལ་རྣམ་འགྱུར་གང་ཡང་བསྟན་མེད་པ་རེད།།

XS
SM
MD
LG