ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་གི་རང་དབང་ལ་དམ་དྲག་བྱེད་པའི་བཅའ་ཁྲིམས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། རྒྱ་ནག་གཞུང་གིས་༢༠༠༣་ལོར་ཧོང་ཀོང་གི་བཅའ་ཁྲིམས་སུ་དོན་ཚན་༢༣་པ་ཟེར་ཞིག་ཁ་སྣོན་བྱ་དགོས་པའི་གྲོས་གཞི་བཏོན་པ་དང་། བཅའ་ཁྲིམས་དོན་ཚན་༢༣་པ་དེར་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་མི་ཆོག་པ་དང་ཁ་བྲལ་གྱི་ལས་འགུལ་སྤེལ་མི་ཆོག རྒྱལ་ཁབ་ལ་གྱེན་ལོག་བྱེད་མི་ཆོག་པ་དང་དབུས་གཞུང་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་མི་ཆོག་ཅེས་འཁོད་ཅིང་། དེར་བརྟེན་ཧོང་ཀོང་བ་ཁྲི་ཚོ་མང་པོས་དབུས་གཞུང་གིས་གྲོས་གཞིར་བཏོན་པའི་བཅའ་ཁྲིམས་དོན་ཚན་༢༣་པར་ངོ་རྒོལ་བྱས་ནས་ཧོང་ཀོང་ས་གནས་གཞུང་གིས་བཅའ་ཁྲིམས་དེ་ལག་ལེན་བསྟར་ཐུབ་མེད། ད་ལྟ་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཚོས་སླར་ཡང་རྒྱལ་ཡོངས་བདེ་འཇགས་བཅའ་ཁྲིམས་སམ། ཡང་ན་བཅའ་ཁྲིམས་དོན་ཚན་༢༣་པ་ལག་ལེན་བསྟར་དགོས་པའི་ཤུགས་སྣོན་བརྒྱབ་སྟེ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་དང་ཤེས་ཡོན་ཅན། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་དང་རང་བཙན་འཐབ་རྩོད་པ་ཚོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བཅའ་ཁྲིམས་སུ་དོན་ཚན་༢༣་པ་ཁ་སྣོན་བྱེད་ཚེ། དེང་སྐབས་ཧོང་ཀོང་མི་དམངས་ཀྱིས་ལོངས་སུ་སྤྱོད་བཞིན་པའི་གཏམ་བརྗོད་རང་དབང་དང་གསར་འགོད་རང་དབང་། ངོ་རྒོལ་ཁྲོམ་སྐོར་གྱི་རང་དབང་དང་འདུ་འཛོམས་རང་དབང་རྣམས་མེད་པར་འགྱུར་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་དཔོན་སེ་མོན་ཡུང་གིས་ང་ཚོས་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་རང་དབང་ཁག་ལ་བཟོད་བསྲན་བྱ་འཆར་མེད་པའི་རྣམ་པ་ཞིག་སྟོན་གྱི་ཡོད་པ་མཐོང་གིན་འདུག ད་ནས་ཧོང་ཀོང་གི་སྤྱི་ཚོགས་སུ་རང་བཙན་གྱི་ལས་འགུལ་སྤེལ་ན་ཁྲིམས་འགལ་དུ་བརྩི་བའི་ཁོར་ཡུག་ཅིག་ཏུ་འགྱུར་སྲིད་པའི་ཉེན་ཀ་མངོན། རྒྱ་ནག་གཞུང་གིས་རྒྱལ་ཡོངས་བདེ་འཇགས་བཅའ་ཁྲིམས་ཟེར་པ་ཞིག་གཏན་འབེབས་བྱ་དགོས་པའི་ཤུགས་སྣོན་རྒྱག་གི་ཡོད་པ་སྔོན་ཆད་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་སྟངས་འཛིན་ནན་པོ་བྱེད་པའི་གྲོས་གཞི་རིམ་པ་ཞིག་བཏོན་པ་དེ་དག་ལས་ཀྱང་ཉེན་ཚབས་ཆེ་བ་འདུག་ཅེས་བཤད་ཡོད། ཧོང་ཀོང་གི་ཡར་ཐོན་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ཁྲིམས་རྩོད་པ་ཁེ་ཝྭིན་ཡོམ་གྱིས་རྒྱ་ནག་གཞུང་གིས་བཅའ་ཁྲིམས་གཏན་འབེབས་བྱས་ནས་ཧོང་ཀོང་གི་རང་དབང་ལ་དམ་དྲག་བྱ་རྒྱུ་ཐབས་མཁས་ཤིག་མིན། རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་བཙན་འཐབ་རྩོད་པ་ཚོར་རྩོད་པ་བརྒྱབ་པ་དང་གནས་ལུགས་བཤད་ནས་གནད་དོན་ཐག་གཅོད་བྱ་དགོས། གལ་སྲིད་རྒྱ་ནག་གཞུང་གིས་སྲིད་ཇུས་ཐལ་དྲགས་པ་ཞིག་ལག་ལེན་བསྟར་ན་ཧོང་ཀོང་ལ་མཇུག་འབྲས་ངན་པ་ཞིག་སྨིན་རྒྱུ་ཡིན་པ་བརྗོད་མི་དགོས་ཞེས་བཤད་འདུག རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཧོང་ཀོང་ལ་དབང་སྒྱུར་བྱེད་ཀྱི་ཡོད་པ་དང་། ཧོང་ཀོང་གི་ཚོང་ལས་དང་དཔལ་འབྱོར། ནོར་སྲིད་བཅས་ཀྱི་འཕེལ་རྒྱས་རྣམས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེར་རང་གི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ལམ་ལུགས་ཤིག་དར་ཡོད་པའི་བཀའ་དྲིན་ཡིན་རུང་། ༢༠༡༥་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དཔེ་སྐྲུན་ཁང་ཞིག་གི་ལས་མི་ལྔ་བཙན་ཁྲིད་དང་བཀག་ཉར་བྱས་ནས་བཟུང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་བཅའ་ཁྲིམས་སུ་འཁོད་པའི་རང་དབང་གི་ཐོབ་ཐང་ཁག་རིམ་བཞིན་ཇེ་ཆུང་དུ་བཏང་སྟེ། པེ་ཅིང་གི་དབང་འཛིན་པ་ཚོས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་སོང་ཞིང་། དཔེར་ན་ཕྱི་ཟླ་༡༢་ཚེས་༡༩་ཉིན་ཧོང་ཀོང་བ་ཚོས་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་རང་གི་ས་གནས་དེའི་འཐུས་མི་༣༦་གདམ་དགོས། ཁོ་ཚོས་མ་འོངས་པའི་ལོ་ལྔའི་རིང་ལ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཧོང་ཀོང་མི་དམངས་ཀྱི་འཐུས་ཚབ་བྱ་རྒྱུ། ཧོང་ཀོང་གི་འཐུས་མི་ཚོས་རྒྱ་ནག་དབུས་གཞུང་ལ་འབྲེལ་གཏུག་བྱས་ནས་མངའ་ཁུལ་དེའི་མི་དམངས་ཀྱི་ཐོབ་ཐང་ཁག་རྩོད་ལེན་བྱ་དགོས་པ་ཞིག་ཡིན་མོད། འོན་ཀྱང་ཧོང་ཀོང་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འོས་མི་རྣམས་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོང་པ་འབྱོར་ལྡན་པ་དང་བཟོ་ཚོང་བདག་པོ། རྒྱ་ནག་སྐམ་ས་ཆེན་མོར་མ་རྩ་བཙུགས་ཡོད་པའི་ཕྱུག་པོ་རྣམས་ཡིན་པས། ཁོ་ཚོས་ཧོང་ཀོང་གི་རང་དབང་དང་ཐོབ་ཐང་རྣམས་བློས་བཏང་སྟེ་ཧོང་ཀོང་མི་དམངས་ཀྱི་ཐོབ་ཐང་རྩོད་མི་སྲིད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད། ཧོང་ཀོང་གི་ས་གནས་སྲིད་གཞུང་སྔོན་མ་ཚོས་སྤྱི་ཚོགས་ལ་དྲག་ཟིང་བསླངས་ན་ཁྲིམས་འགལ་དུ་བརྩི་དགོས་ཞེས་གྲོས་གཞི་བཏོན་རུང་། ཁོ་ཚོས་ཧོང་ཀོང་མི་དམངས་ལ་ཆབ་སྲིད་ཀྱི་གནད་དོན་ཐོག་ཏུ་བགྲོ་གླེང་བྱེད་ཆོག་པའི་རང་དབང་སྟེར་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་ཡོད། ཉེ་བའི་ལོ་ངོ་རེ་ཟུང་ཞིག་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱལ་ཡོངས་བདེ་འཇགས་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་མ་ཟད། གཟའ་འཁོར་སྔོན་མར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལི་ཧྥེ་ཧོང་ཀོང་ལ་འཚམས་འདྲིར་བསྐྱོད་དེ། ཁོང་གིས་བཅའ་ཁྲིམས་དོན་ཚན་༢༣་པ་ཧོང་ཀོང་གི་བཅའ་ཁྲིམས་སུ་ཁ་སྣོན་རྒྱག་རྒྱུ་ཧོང་ཀོང་མི་དམངས་ཀྱི་ལས་འགན་ཡིན། འདི་ལ་ཧོང་ཀོང་མི་དམངས་ཀྱིས་གཡོལ་ཐབས་མེད་ཅེས་ནན་བརྗོད་བྱས་པ་དང་། ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཀྱིས་ཀྱང་ཧོང་ཀོང་ལ་རྒྱལ་ཡོངས་བདེ་འཇགས་བཅའ་ཁྲིམས་མྱུར་དུ་ལག་ལེན་བསྟར་དགོས་ཞེས་སྐུལ་ལྕག་བཏང་འདུག ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཧོང་ཀོང་ལ་འཛིན་པའི་སྲིད་ཇུས་ཇེ་མཁྲེགས་སུ་བཏང་ཡོད་པ་སྟེ། ཁ་སྔོན་ཕྱི་ཟླ་༧་ཚེས་༡་ཉིན་རྒྱ་ནག་གཞུང་གིས་ཧོང་ཀོང་རྩིས་བླངས་ནས་ལོ་༢༠་འཁོར་པའི་དགའ་སྟོན་སྐབས་སུ་ཞིས་ཅིན་ཕིང་གིས་རྒྱ་ནག་གི་བདག་བདག་ལ་ཉེན་ཀ་འཕྲད་པའམ། ཡང་ན་ཧོང་ཀོང་ནས་སིམ་འཛུལ་བྱས་ཏེ་རྒྱ་ནག་ལ་སྤྱི་ཚོགས་ལ་གཏོར་བརླག་དང་ཁྲིམས་འགལ་གྱི་ལས་འགུལ་སྤེལ་གྱི་ཡོད་པར་ནམ་ཡང་བཟོད་སྒོམ་བྱ་ཐུབ་ཐབས་མེད། ང་ཚོས་དེ་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་གི་ཡིན་ཞེས་བཤད་ཡོད་ཅིང་། ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལིམ་གྱིས་༢༠༠༣་ལོར་གྲོས་གཞིར་བཏོན་པའི་བཅའ་ཁྲིམས་དོན་ཚན་༢༣་པར་བསྐྱར་ཞིབ་བྱ་དགོས། ད་ལྟའི་ཧོང་ཀོང་གི་གནས་སྟངས་ལ་གཞིགས་ན་རྒྱལ་ཡོངས་བདེ་འཇགས་བཅའ་ཁྲིམས་ཤིག་དགོས་ངེས་སུ་གྱུར་འདུག་ཅེས་བཤད་ཀྱང་ཧོང་ཀོང་གི་བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་མཐོ་རིམ་ལས་སྣེ་ཚོས་དེ་ལ་མོས་མཐུན་བྱེད་ཀྱི་མེད་པ་དང་། ཁོ་ཚོས་རྒྱ་ནག་གཞུང་གིས་ཅི་ཙམ་ཧོང་ཀོང་ལ་དམ་དྲག་བྱས་ན་རང་བཙན་ཤོག་ཁག་ལ་དེ་ཙམ་གྱིས་སྟོབས་ཤུགས་རྒྱས་རྒྱུ་ཡིན་པའི་ལྟ་ཚུལ་བརྗོད་ཡོད་པ་རེད།།

XS
SM
MD
LG