ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༡༡་ཚེས་༡༨་ཉིན་ཡུ་རོབ་རྒྱལ་ཁབ་འཇར་མན་ཎིར་རྒྱ་ནག་གི་རྐང་རྩེད་པོ་ལོའི་རུ་ཁག་དང་འཇར་མན་གྱི་རུ་ཁག་ཅིག་འགྲན་སྡུར་བྱས་ཡོད་ཅིང་། རྩེད་རའི་ནང་དུ་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་པར་བརྟེན། རྒྱ་ནག་གི་རུ་ཁག་གིས་དེ་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་པའི་ཆེད་དུ་རྩེད་འགྲན་མཚམས་བཞག་པ་དང་། དུས་ཡུན་སྐར་མ་༢༥་ཡས་མས་ཤིག་གི་རྗེས་སུ་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་ཚོས་བོད་ཀྱི་རྒྱལ་དར་ཕྱིར་བསྡུ་བྱས་པའི་སྟབས་ཀྱིས་རྒྱ་ནག་གི་རུ་ཁག་གིས་སླར་ཡང་རྩེད་འགྲན་མཇུག་བསྐྱངས་མོད། འོན་ཀྱང་འཇན་མན་ཎིར་གསུམ་དང་རྒྱ་ནག་ལ་ཀླད་གོར་བཅས་རྩེད་འགྲན་ཕམ་ཉེས་བྱུང་འདུག འཇར་མན་ཎིར་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཇར་མན་ཡུལ་གྱི་བོད་དོན་དོན་གཉེར་ཚོགས་པས་རྒྱ་ནག་གི་རྐང་རྩེད་པོ་ལོའི་རུ་ཁག་གིས་རྩེད་མོ་བར་མཚམས་བཞག་པ་དེས་བོད་དོན་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཚོགས་པ་དེའི་མགྲིན་ཚབ་པ་མིག་དམར་ལྷ་མོ་ལགས་ཀྱིས་རྒྱ་ནག་གི་རྩེད་འགྲན་པ་ཚོའི་བྱ་སྤྱོད་དེ་དག་དངོས་སུ་མཐོང་བའི་རྗེས་སུ་འཇར་མན་པ་མང་པོ་ཞིག་ཧ་ལས་པ་དང་། ཁོ་ཚོས་ཐེངས་རྗེས་མའི་རྩེད་འགྲན་སྐབས་སུ་བོད་ཀྱི་རྒྱལ་དར་འཁྱེར་ནས་འགྲོ་ཡི་ཡིན་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ག་རླུང་འཕྲིན་ཁང་གི་བཅར་འདྲི་ལ་འཇར་མན་ཎིའི་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་རོ་ཎི་ཟི་མར་མན་གྱིས་གློག་འཕྲིན་བརྒྱུད་ནས་བརྗོད་དོན། ང་ཚོ་མགྲོན་བདག་ཡག་པོ་ཞིག་བྱེད་འདོད་ཡོད་པས་ཐེངས་འདིའི་གནས་ཚུལ་ལ་བློ་ཕམ་ཡོད། འོན་ཀྱང་ང་ཚོའི་ལས་དོན་འདི་འགོ་བཙུགས་དུས་ནས་རྒྱ་ནག་གི་ཕྱོགས་ལ་ཡང་ནས་ཡང་དུ་གསལ་པོར་བཤད་ཡོད། དེ་ནི་འཇར་མན་ཎིའི་རྩེད་འགྲན་དེ་དག་གཏམ་བརྗོད་རང་དབང་གི་ཁོར་ཡུག་ཏུ་ཚུགས་དགོས། རྩེད་རའི་ནང་དུ་དར་ཆ་བསྒྲེངས་པ་གཏམ་བརྗོད་རང་དབང་གི་ཆ་ཤས་སུ་གཏོགས་པ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་ད་ལྟ་སླར་ཡང་རྒྱ་ནག་གི་འཐུས་མི་དང་མཉམ་དུ་བརྗོད་གཞི་འདིའི་ཐོག་ཏུ་སྐད་ཆ་བཤད་རྒྱུ་ཡིན། བློ་ལྷོད་ལྷོད་ངང་དུ་འགྲེལ་བཤད་རྒྱག་འཆར་ཡོད། ཕྱོགས་གཞན་ལ་རྐང་རྩེད་སྤོ་ལོ་བེད་སྤྱོད་བྱས་ནས་ང་ཚོའི་མགྲོན་པོ་ལ་རྩོད་པ་སློང་བ་ཡིན་ན་དེ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

XS
SM
MD
LG