ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༡་ཚེས་༡༦་ཉིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁེམ་བྷོ་ཌི་ཡའི་ཆེས་མཐོའི་ཁྲིམས་ཁང་གི་ཡུལ་དེའི་ཕྱོགས་འགལ་ཚོགས་པ་གཙོ་བོ་སྒོ་བརྒྱབ་སྟེ། ཁེ་མེར་རུ་ཇི་དམར་ཤོག་གི་དབང་སྒྱུར་རྗེས་སུ་ཁེམ་བྷོ་ཌི་ཡར་སྲིད་དོན་ཚོགས་པ་སྣ་མང་གི་ལམ་ལུགས་ཤིག་ཚུགས་པ་མཇུག་བསྒྲིལ་པ་དང་ལོ་རྗེས་མའི་སྤྱི་ཡོངས་འོས་འདེམས་དུས་སུ་དབང་གཙོ་རིང་ལུགས་པ་སྲིད་བློན་ཧུ་སེན་གྱི་སྲིད་དོན་ཚོགས་པར་ཁ་གཏད་པ་མེད་པར་བཏང་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁེམ་བྷོ་ཌི་ཡའི་ཕྱོགས་འགལ་ཚོགས་པ་སྒོ་བརྒྱབ་ཚེ། སྲིད་བློན་ཧུན་སེན་གྱིས་འགོ་ཁྲིད་པའི་ཁེམ་བྷོ་ཌི་ཡའི་མི་དམངས་ཚོགས་པ་ལས་ལྷག་མེད། དེར་བརྟེན་ཁེམ་བྷོ་ཌི་ཡ་སྲིད་དོན་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་རྒྱལ་ཁབ་ཅིག་ལ་གྱུར་ངེས་རེད་ཅེས་སྐྱོན་བརྗོད་བྱས་འདུག

ཁེམ་བྷོ་ཌི་ཡའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ནི་སྲིད་བློན་ཧུན་སེན་གྱི་མཐུན་གྲོགས་ཤིག་ཡིན། ཁོང་གིས་ཁེམ་བྷོ་ཌི་ཡའི་ཕྱོགས་འགལ་ཚོགས་པས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཀྱང་ནག་ཉེས་ཅི་ཡིན་མིན་གསལ་བོ་བཤད་མེད་པ་དང་། ཕྱོགས་འགལ་ཚོགས་པས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་བསྐྱར་དུ་ཞུ་གཏུག་བྱེད་ཆོག་གི་མེད་པས། རྒྱལ་སྤྱིའི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཁེམ་བྷོ་ཌི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་ཕྱོགས་འགལ་ཚོགས་པ་སྒོ་རྒྱག་དགོས་པའི་ཐག་གཅོད་བྱས་པ་ཁྲིམས་འཛིན་གྱི་བྱ་བར་ཁྱད་གསོད་ཅིག་ཡིན། ཁེམ་བྷོ་ཌི་ཡའི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱལ་ཁབ་དེའི་སྤྱི་དམངས་ས་ཡ་དུ་མའི་ཆབ་སྲིད་ཀྱི་རང་དབང་དང་ཐོབ་ཐང་འཕྲོག་པ་འོས་འཚམས་ཤིག་གཏན་ནས་མིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ།།

ཟླ་བ་སྔོན་མ་ནས་སྲིད་བློན་ཧུན་སེན་གྱིས་ཁེམ་བྷོ་ཌི་ཡའི་ཕྱོགས་འགལ་ཚོགས་པ་འཕྲལ་དུ་སྒོ་རྒྱག་རྒྱུ་ཡིན་པ་དང་། ཁེམ་བྷོ་ཌི་ཡའི་མི་མང་གིས་ཟ་ཁང་སོགས་ཀྱི་ནང་དུ་ཕྱོགས་འགལ་ཚོགས་པ་སྒོ་རྒྱག་རྒྱུ་ཡིན་མིན་ལ་དངུལ་སྒོར་རྒྱན་འཛུགས་བྱེད་ཆོག་ཅེས་སྤོབས་ཉམས་ཀྱི་སྒོ་ནས་བསྒྲགས་ཡོད། ད་ལྟ་ཁེམ་བྷོ་ཌི་ཡའི་གཞུང་གིས་ཕྱོགས་འགལ་ཚོགས་པ་སྒོ་བརྒྱབ་པ་གཅིག་པུ་མིན། སྲིད་བློན་ཧུན་སེན་གྱི་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྒྱབ་གཏོད་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁེམ་བྷོ་ཌི་ཡར་དཔལ་འབྱོར་རོགས་རམ་སྤྲོད་དགོས་ན་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་ཞེས་ཆ་རྐྱེན་བཞག་ཡོད་པ་དེ་ལའང་མོས་མཐུན་བྱེད་ཀྱི་མེད་པ་དང་། ཉེ་ཆར་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཌོམ་གྱིས་ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་ལ་ཁྱེད་རང་ང་ལ་དགའ་མོས་ཡོད་མེད་མི་ཤེས་ཀྱང་ང་ཁྱེད་རང་ལ་དགའ་མོས་ཡོད་ཅེས་གཏམ་བཤད་པ་མ་ཟད། སྲིད་བློན་ཧུན་སེན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་རྩ་འཛིན་བྱེད་འདོད་མེད་པ་དང་རྒྱལ་ཁབ་གཞན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་འདོད་མེད་པར་ཁོ་བོ་དགའ་ཚོར་བྱུང་ཞེས་གཏམ་ལན་སློག ཁེམ་བྷོ་ཌི་ཡའི་ཕྱོགས་འགལ་ཚོགས་པ་ནི་༢༠༡༢་ལོར་གསར་དུ་ཚུགས་ཤིང་། ཚོགས་པ་དེས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་གུ་ཡངས་ཀྱི་ལྟ་བ་རྩ་འཛིན་པ། ཁེམ་བྷོ་ཌི་ཡའི་མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་དགོས་པ་དང་ཝི་ཏེ་ནམ་དགྲ་ཟླར་འཛིན་པའི་མི་རིགས་རིང་ལུགས་ཀྱི་ལངས་ཕྱོགས་ཞིག་བཟུང་སྟེ། ༡༩༧༩་ལོར་ཁེམ་བྷོ་ཌི་ཡར་ཝི་ཏེ་ནམ་གྱི་དབང་སྒྱུར་མཇུག་བསྒྲིལ་པའི་རྗེས་སུ་སྲིད་བློན་ཧུ་སེན་གྱིས་དབང་སྒྱུར་པའི་ལམ་ལུགས་དེར་གདམ་ཀ་གསར་པ་ཞིག་བྱིན་པར་ཁེམ་བྷོ་ཌི་ཡའི་སྤྱི་ཚོགས་སུ་ཕྱོགས་འགལ་ཚོགས་པར་རྒྱབ་སྐྱོར་ཆེན་པོ་ཐོབ། ཉེ་བའི་ལོ་ཤས་ཤིག་ནས་སྲིད་བློན་ཧུ་སེན་གྱིས་ཁེམ་བྷོ་ཌི་ཡའི་ཕྱོགས་འགལ་ཚོགས་པ་ཁག་ལ་དྲག་གནོན་བྱས་ནས་ཚོགས་པ་དེའི་གྲོས་ཚོགས་འཐུས་མི་༤༤་ཕྱི་རྒྱལ་ལ་བཙན་བྱོལ་དུ་སོང་། ད་ལྟ་ཁེམ་བྷོ་ཌི་ཡའི་གྲོས་ཚོགས་སུ་ཕྱོགས་འགལ་ཚོགས་པའི་འཐུས་མི་༡༡་ལས་ལྷག་མེད། ཁེམ་བྷོ་ཌི་ཡ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འགོ་ཁྲིད་ཚོར་སྲིད་བློན་ཧུ་སེན་གྱི་སྲིད་དོན་ཚོགས་པའི་ཁོངས་སུ་ཞུགས་དགོས་ཞེས་གནོན་ཤུགས་ཆེན་པོ་ཐེབས་བཞིན་ཡོད་པ་དང་། སྲིད་བློན་ཧུན་སེན་གྱི་གཞུང་འཛིན་ཚོགས་པའི་ཁོངས་སུ་མ་ཞུགས་པ་རྣམས་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཕྱི་ཟླ་༨་ནས་ཁེམ་བྷོ་ཌི་ཡའི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་རྒྱལ་ཡོངས་དམངས་གཙོ་ཐེབས་རྩ་ཁང་གི་ལས་སྣེ་རྣམས་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྣམས་ཁེམ་བྷོ་ཌི་ཡ་ནས་ཕྱིར་ཕུད་བཏང་བ་མ་ཟད། རྒྱལ་ས་ནོམ་ཕན་དུ་བཅའ་སྡོད་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་གཉིས་འཛིན་བཟུང་ནས་ལོ་༡༥་ཡས་མས་ཀྱི་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད། དེ་རིང་གཟའ་ཕུར་བུའི་ཉིན་སྲིད་བློན་ཧུན་སེན་གྱིས་ང་ལ་ཉུང་མཐའ་ཡང་མ་འོངས་པའི་ལོ་བཅུ་ཕྲག་གཅིག་ལ་ཁེམ་བྷོ་ཌི་ཡར་འགོ་ཁྲིད་བྱ་འདོད་ཡོད། ང་ཚོ་ཁེམ་བྷོ་ཌི་ཡ་པ་ཡིན། ང་ཚོའི་ནང་སྲིད་ལ་ཕྱི་རྒྱལ་གྱིས་ཐེ་གཏོགས་བྱེད་དགོས་དོན་མེད་ཅེས་གཏམ་བཤད་བྱས་སོ།།

XS
SM
MD
LG