ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལ་དབྱེ་ཞིབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་གྲུབ་པའི་རྗེས་སུ་སྲིད་འཛིན་ཞིས་ཅིན་ཕིང་གིས་མ་འོངས་པར་རྒྱ་ནག་གི་ཆབ་སྲིད་དབང་ཆ་སྒེར་སྡོམ་བྱེད་མིན་གྱི་ཐད་ལ་སྲིད་དོན་དབྱེ་ཞིབ་པ་མང་པོས་བརྗོད་གཞི་འདྲ་མིན་གྱི་སྒོ་ནས་གླེང་སློང་བྱེད་བཞིན་ཡོད་ཅིང་། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་འཇོར་ཇི་ཝ་ཤིང་ཊོན་སློབ་གྲྭ་ཆེན་མོའི་ཆབ་སྲིད་རིག་པ་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་དགེ་རྒན་ཆེན་མོ་ཌེ་ཝྭི་ཌི་ཤམ་བྷོས་ཉེ་ཆར་ཨ་རིའི་འཇོན་ཧོབ་ཀིན་སི་སློབ་གྲྭ་ཆེན་མོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་དབང་ཆ་སྒེར་འཛིན་བྱེད་བཞིན་པའི་ཆབ་སྲིད་ཀྱི་གནས་སྟངས་འདི་སྔོན་གྱི་རྒྱ་ནག་གོང་མའི་མཐའ་མཇུག་གི་དབང་སྒྱུར་དུས་སྐབས་ཀྱི་ལོ་རྒྱུས་དང་གཤིབ་བསྡུར་གྱིས་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་ཀྱི་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་སྤྱིའི་གནས་བབ་ལ་ལྟ་ཚུལ་བརྗོད་འདུག དང་པོ་དེར་དགེ་རྒན་ཆེན་མོ་ཤམ་བྷོས་ཆབ་སྲིད་ཀྱི་གནས་བབ་ཐད་ནས་ཞིས་ཅིན་ཕིང་གི་དབང་ཆ་གཅིག་སྡུད་ཚད་ལས་བརྒལ་པ་ཞིག་བྱས་ཡོད། གཉིས་པ་དེར་ཕ་དབང་ལམ་ལུགས་སྟེ། རྒྱ་ནག་གི་ཁྱིམ་ཚང་ཞིག་ལ་ཁྱིམ་བདག་ཅིག་གིས་བཀའ་བཀོད་བཏང་བ་ཇི་བཞིན་རྒྱ་ནག་ལ་སྔོན་མའི་དབང་སྒྱུར་བྱེད་སྟངས་བསྐྱར་ལོག་བྱེད་བཞིན་འདུག གསུམ་པ་དེར་རྒྱ་ནག་དམར་ཕྱོགས་ཚོགས་པས་རྒྱ་ནག་གི་ཡོད་ཚད་ལ་སྟངས་འཛིན་བྱ་རྒྱུ་དང་། དམར་ཕྱོགས་ཚོགས་པས་ཡོད་ཚད་ལ་འགོ་ཁྲིད་བྱ་རྒྱུ་བཅས་ཡིན། བཞི་པ་དེར་རྒྱ་ནག་གི་ཆབ་སྲིད་དབང་འཛིན་པ་རྣམས་གཙོས་ལྐོག་ཟ་རུལ་སུངས་སུ་གྱུར་པ་རྣམས་འཛིན་བཟུང་བྱེད་ཀྱི་ཡོད་པ་དེ་ལ་བརྟེན་ནས་མི་རྣམས་འཇིགས་སྣང་གི་ངང་དུ་གནས་ཡོད། ལྔ་པ་དེར་རྩ་བའི་ཆ་ནས་ད་ལྟའི་བར་དུ་རྒྱ་ནག་གི་ཆབ་སྲིད་ལ་བཅོས་སྒྱུར་ཅི་ཡང་ཐེབས་མེད་པར་དམར་ཕྱོགས་ཚོགས་པའི་ནང་ཁུལ་དུ་དམངས་གཙོ་དང་ནང་ཁུལ་གྱི་འོས་འདེམས་གཙོ་བོར་བཟུང་ཡོད། དྲུག་པ་དེར་མི་དམངས་དང་གསར་འགྱུར་བརྒྱུད་ལམ། ཤེས་ཡོན་ཅན། མཐོ་རིམ་སློབ་གསོ་བ་བཅས་ལ་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད། བདུན་པ་དེར་ས་གནས་ཀྱི་སྲིད་གཞུང་ཁག་ཁྲིམས་མཐུན་གྱི་ངོ་བོར་འགྱུར་ཐུབ་ཀྱི་མེད་པ་དང་། བརྒྱད་པ་དེར་རྒྱ་ནག་གི་ཚོང་བདག་ཕྱུག་པོ་སོགས་ཤེས་འཇོན་གཉིས་ལྡན་གྱི་སྐྱེ་བོ་མང་དག་ཅིག་ཕྱིའི་རྒྱལ་ཁབ་ཁག་ལ་གནས་སྤོར་བྱས་ཏེ། ཁོ་ཚོའི་རྒྱུ་ནོར་མང་པོ་ཕྱི་ལ་འཁྱེར་བཞིན་པ་བཅས་གནད་དོན་བརྒྱད་ཀྱི་སྒོ་ནས་ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ལ་ཕྱོགས་བསྡོམས་དང་དབྱེ་ཞིབ་བྱས་ཡོད་པ་མ་ཟད། དགེ་རྒན་ཆེན་མོ་ཤམ་བྷོས་རྒྱ་ནག་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་རྗེས་སུ་རྒྱ་ནག་ལ་སླར་ཡང་མའོ་ཙེ་ཏུང་གི་དུས་སྐབས་ཀྱི་ཁྱིམ་བདག་ཇི་བཞིན་དབང་སྒྱུར་བྱས་པའི་ལམ་སྲོལ་བསྐྱར་ལོག་བྱུང་སྟེ། རྒྱ་ནག་གི་མ་འོངས་པའི་འཕེལ་རྒྱས་ལ་མཚོན་ན་དགེ་མཚན་ཅི་ཡང་མེད། རྒྱ་ནག་དམར་ཕྱོགས་ཚོགས་པ་དང་དམར་ཕྱོགས་པའི་ལམ་ལུགས་ཡོད་ཚད་ཆེས་མཐོའི་འགོ་ཁྲིད་ཅིག་གི་དབང་སྒྱུར་གྱི་ལག་ཆ་འབའ་ཞིག་ལ་འགྱུར་རྒྱུ་ལས་འདས་མེད། ཞིས་ཅིན་ཕིང་གི་དུས་སྐབས་ཀྱི་དབང་ཆ་གཅིག་སྡུད་ཅན་གྱི་གནས་སྟངས་འདིར་ཆབ་སྲིད་ཀྱི་ངོས་ནས་བལྟས་ན་ཞིས་ཅིན་ཕིང་གི་བྱེད་སྟངས་འདི་རྒྱ་ནག་ཕྱི་སྣུར་བརྒྱབ་པ་ཞིག་ཡིན་པ་ལས་མདུན་སྐྱོད་ཅིག་མིན་ཞེས་བསྟན། ཡང་ཁོང་གིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ནི་ལས་དོན་བཟང་པོ་ཞིག་ཡིན། དེ་ནི་ངེས་པར་དུ་དགོས་ངེས་ཤིག་ཀྱང་ཡིན། ཡིན་ནའང་རྒྱ་ནག་སྤྱིའི་འགོ་ཁྲིད་ཚན་པ་དང་། རྒྱལ་ཁབ། དམར་ཕྱོགས་ཚོགས་པ། དམག་སྡེ་བཅས་ཁྱོན་ཡོངས་ཀྱི་ངོས་ནས་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་གྱི་ཡོད་པ་སྟེ། མི་ཚང་མ་འཇིགས་སྣང་གི་ངང་དུ་གནས་དགོས་པའི་བསམ་བློའི་འཁྱེར་སྟངས་ཤིག་མངོན་ཞེས་བཤད། རྒྱ་ནག་ནས་ཡོང་བའི་དགེ་རྒན་ཆེ་མོ་ཤམ་བྷོའི་གྲོགས་པོ་ཞིག་གིས་བརྗོད་དོན། ད་ལྟ་རྒྱ་ནག་ཏུ་མི་མང་པོ་མཚན་ལ་ལྐོག་ཟ་རུལ་སུངས་སོགས་ཀྱིས་རྐྱེན་པས་ཉེན་རྟོག་པས་འཛིོན་བཟུང་བྱ་སྲིད་སྙམ་སྟེ་བློ་འཚབ་བྱེད་བཞིན་པ་ཡོད་ནི་འགོ་ཁྲིད་སྤྱིའི་ནད་ཡམས་ལྟ་བུར་གྱུར་ཡོད། རྒྱ་ནག་གི་ཤེས་འཇོན་གཉིས་ལྡན་གྱི་མི་མང་པོས་རང་གི་རྒྱུ་ནོར་དང་བཟའ་མི་ཡོད་ཚད་ཕྱིའི་རྒྱལ་ཁབ་དུ་གནས་སྤོར་བྱེད་ཀྱི་ཡོད་པའི་དུས་སྐབས་ཅིག་ལ་སླེབས་ཡོད། འདི་ནི་རྒྱ་ནག་གི་དཔལ་འབྱོར་གྱི་གནད་དོན་ཞིག་མིན་པར་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་ཡིན། རྒྱལ་ཁབ་ཅིག་གི་མི་ཤེས་འཇོན་ཅན་མང་པོས་རང་གི་རྒྱུ་ནོར་ཡོད་ཚད་ཕྱིའི་རྒྱལ་ཁབ་ལ་འཁྱེར་བཞིན་པ་དེས་སྐྱེ་བོ་དེ་རྣམས་རང་གི་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ལ་ཡིད་ཆེས་མེད་པ་མཚན་ཐུབ། ཁོ་ཚོས་རྐང་པ་ཡ་གཅིག་ཕྱིའི་རྒྱལ་ཁབ་ལ་སྤོས། ད་ལྟ་ནས་རང་ཉིད་འགྲོ་ཆོག་ཆོག་གི་གྲ་སྒྲིག་བྱེད་བཞིན་འདུག་ཅེས་བཤད། གཞན་ཡང་དགེ་རྒན་ཆེན་མོ་ཤམ་བྷོས་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས་ལ་འདས་པའི་རྒྱ་ནག་གི་རྒྱལ་རབས་རྙིང་པའི་དུས་ཀྱི་ཆབ་སྲིད་ཀྱི་གོད་ཆག་ཁག་གི་རྒྱུ་རྐྱེན་ཡོངས་སུ་ཚང་འདུག་ཅེས་དོན་ཚན་ཁ་ཤས་ཀྱིས་བརྗོད་བསྟན་ཡོད་པ་སྟེ། གཅིག་ནས་ད་དུང་ཡང་རྒྱ་ནག་ལ་སྔར་བཞིན་སྒེར་གཅོད་དང་ཁེར་རྐྱང་གི་གོང་མ་ཞིག་ཡོད་པ་དང་། གཉིས་ནས་དབང་སྒྱུར་ཚན་པའི་ནང་ཁུལ་དུ་རྩོད་རྙོག་ཡོད་པ། གསུམ་ནས་མི་འཇོན་ཐང་ཅན་གྱི་ཚན་ཁག་རྣམས་རུལ་སུངས་སུ་གྱུར་པ། བཞི་ནས་བསམ་བློའི་སྣེ་ཁྲིད་ཐུབ་པའི་རིག་གཞུང་གི་གཞི་རྩ་འཛིན་ས་མེད་པ། ལྔ་ནས་དཔལ་འབྱོར་གྱི་སྒྲིག་གཞི་འཁྲུགས་པ་དང་། དྲུག་ནས་མི་དམངས་ཀྱི་འོས་ལངས་དང་ངོ་རྒོལ་བསྟུད་མར་འབྱུང་བཞིན་པ་དང་རྒྱལ་མཚམས་སུ་བདག་དབང་རྩོད་གླེང་གི་གནོན་ཤུགས་ཆེ་བ་བཅས་མདོར་ན་ད་ལྟའི་རྒྱ་ནག་ལ་སྔོན་གྱི་གོང་མའི་རྒྱལ་རབས་རྣམས་ཉམས་རྒུད་སོང་བའི་རྒྱུ་རྐྱེན་རྣམས་ཡོངས་སུ་ཚང་འདུག་ཅེས་བཤད་དོ།།

XS
SM
MD
LG