ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཝུ་ཁན་གྲོང་ཚོའི་དམ་དྲག་གི་རྣམ་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཉེ་བའི་ལོ་ཤས་གོང་དུ་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན། ཝུ་ཁན་གྲོང་ཚོའི་མི་དམངས་ཀྱིས་ས་གནས་དེའི་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་ཉེན་རྟོག་པ་རྣམས་མཐར་སྐྲོད་བཏང་སྟེ། གྲོང་ཚོ་དེའི་མི་དམངས་ཀྱིས་རང་གི་འགོ་ཁྲིད་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པ་དང་། སྐབས་ཤིག་གི་རིང་ལ་ཝུ་ཁན་གྲོང་ཚོ་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་མི་ཐུབ་པའི་མཚམས་སུ་ལྷུང་ཞིང་། གཟའ་འཁོར་འདིར་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཞིག་ཝུ་ཁན་གྲོང་ཚོར་ལྐོག་ཏུ་སོང་ནས་ས་གནས་དེའི་གནས་སྟངས་ལ་ཞིབ་འཇུག་དང་མི་དྲུག་བདུན་ཞིག་ལ་བཅར་འདྲི་ཞུས་ཏེ། རྒྱ་ནག་གཞུང་གིས་ཝུ་ཁན་གྲོང་ཚོ་དང་དེའི་ཉེ་འཁོར་གྱི་ས་གནས་ཁག་ལ་ཉེན་རྟོག་པ་དང་སོ་མྱུལ་འགྲེམ་འཇོག སྲང་ལམ་ཁག་དང་སྲང་ལམ་གྱི་ཟུར་གདོང་ཡོད་ཚད་ལ་པར་ཆས་བཙུགས་ཏེ་ཝུ་ཁན་གྲོང་ཚོའི་མི་མང་གི་འགྲོ་འདུག་སྐྱོད་གསུམ་ལ་ལྟ་རྟོག་ནན་པོ་བྱེད་པ་དང་། རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ཝུ་ཁན་གྲོང་ཚོར་དྲག་གནོན་བྱས་ནས་དབང་སྒྱུར་བྱེད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་འདུག ཝུ་ཁན་གྲོང་གསེབ་ཀྱི་མི་མང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཡོང་ན་དགའ་མོས་བྱེད་ཀྱི་ཡོད་རུང་། ཁོ་ཚོས་རང་ལ་སྲིད་གཞུང་གིས་དགྲ་ལན་སློག་སྲིད་པའི་འཇིགས་སྣང་གིས་གསར་འགོད་པར་སྐད་ཆ་བཤད་ཕོད་ཀྱི་མེད་པ་དང་། ན་གཞོན་ཞིག་གིས་གསར་འགོད་པར་ཁྱེད་ཚོས་ཝུ་ཁན་གྲོང་ཚོར་ཅི་ཞིག་བྱུང་བ་ཤེས་གསལ་ལྟར་ཡིན། ད་ལྟ་འདིར་ཅི་ཡང་ལྷག་མེད་ཅེས་སྐད་ཆ་ཚིག་འགའ་བཤད་ནས་བྲོས་མ་སྟབས་ཀྱིས་མགྱོགས་པོར་ཕྱིན་པ་དང་། ཝུ་ཁན་གྲོང་ཚོའི་ངོ་རྒོལ་ལས་འགུལ་ལ་ཞུགས་མཁན་ཟུར་པ་ཀྲང་ལེ་ཧུང་ཞེས་པ་ཞིག་གིས་ཀྱང་དེང་སྐབས་གྲོང་ཚོ་འདིར་ཅི་ཞིག་འབྱུང་གི་ཡོད་པ་རྒྱ་ནག་རྒྱལ་ཡོངས་སུ་འབྱུང་བཞིན་ཡོད། རྒྱ་ནག་གི་སྤྱི་ཚོགས་ཧྲིལ་བོ་རང་དབང་མེད་པ་དང་ཆེས་མུན་ནག་གི་ཕྱོགས་སུ་ཁ་ལོ་སྒྱུར་བཞིན་འདུག་ཅེས་བཤད་མོད། འོན་ཀྱང་ཀོང་ཏུང་ཞིང་ཆེན་ཞིག་གིས་ཝུ་ཁན་མི་དམངས་ལས་དོན་ལྷན་ཁང་ཞེས་པའི་སྒྲིག་འཛུགས་བཙུགས་ཏེ། ཝུ་ཁན་གྲོང་གསེབ་གཅིག་པུར་ལྟ་རྟོག་བྱེད་མཁན་ལས་གཞུང་གི་བྱེད་པ་བརྒྱ་སྐོར་ཞིག་བསྐོ་བཞག་བྱས་ནས་གྲོང་གསེབ་དེའི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ། མི་མང་གིས་ཟིང་འཁྲུག་སློང་སྲིད་པའི་ཉེན་ཀར་སྔོན་འགོག སྲིད་གཞུང་གི་ལས་སྣེ་ཚོས་གྲོང་གསེབ་དེར་སྐོར་གཡེང་བྱས་ནས་གྲོང་གསེབ་པའི་ནང་ཁུལ་དུ་སོ་མྱུལ་དུ་བཙུགས་པ་དང་། སྲང་ལམ་ཁག་ལ་བཙུགས་པའི་པར་ཆས་ཁག་ལ་ཉིན་མཚན་དུས་དྲུག་ཏུ་བལྟས་ནས་མི་དམངས་ལ་དམ་དྲག་བྱེད་ཀྱི་ཡོད་ཅིང་། དེང་སྐབས་ཝུ་ཁན་གྲོང་ཚོར་སླར་ཡང་མི་མང་གི་ངོ་རྒོལ་ལས་འགུལ་སྤེལ་སྲིད་པ་དང་མི་མང་གི་ངོ་རྒོལ་ལས་འགུལ་རྒྱ་ནག་གི་ས་གནས་གཞན་ཁག་ལ་ཁྱབ་གདོལ་འགྲོ་སྲིད་པའི་རྣམ་པ་མེད་རུང་། ༢༠༡༡་ལོར་ཝུ་ཁན་གྲོང་ཚོའི་མི་མང་གིས་ས་གནས་དེའི་སྲིད་གཞུང་གི་འགོ་ཁྲིད་ཚོ་མཐར་སྐྲོད་བཏང་བ་དང་གཞུང་གི་ལས་ཁུངས་ཁག་ལ་གཏོར་བཅོམ་བྱས་པ། རྒྱ་ནག་གཞུང་གིས་ས་གནས་དེའི་མང་ཚོགས་ལ་རང་གི་འགོ་ཁྲིད་རྣམས་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་འཇུག་དགོས་ཐུག་ཡོད། དེར་བརྟེན་ཀོང་ཏུང་ཞིང་ཆེན་གྱི་ཝུ་ཁན་གྲོང་ཚོ་རྒྱ་ནག་ལ་དམངས་གཙོ་དར་སྤེལ་གཏོང་སའི་མིག་དཔེ་ལྟ་བུ་ཞིག་ལ་གྱུར་ཡོད། ད་ལྟ་ལོ་ངོ་༦་གི་རྗེས་སུ་ཝུ་ཁན་གྲོང་ཚོ་ལྕགས་དྲྭ་མ་བསྐོར་པའི་བཙོན་ཁང་ལྟ་བུ་ཞིག་ལ་གྱུར་ཡོད་པ་དང་། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་ཀོང་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་ལས་སྣེ་ཚོར་ཝུ་ཁན་གྲོང་ཚོར་དམ་དྲག་ཆེན་པོ་བྱེད་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ཞེས་སྐད་ཆ་དྲིས་ཀྱང་ལན་འདེབས་གང་ཡང་བྱས་མེད་པ་མ་ཟད། ༢༠༡༣་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་སྤྱི་ཚོགས་ལ་དམ་དྲག་བྱེད་པའི་བཅད་རྒྱ་དེ་ཉིད་རྒྱ་ཆེ་རུ་བཏང་སྟེ། མི་དམངས་ཀྱི་ངོ་རྒོལ་ལས་འགུལ་ལ་དྲག་གནོན་དང་དྲྭ་ལམ་གྱི་གཏམ་བརྗོད་རང་དབང་ལ་ཞིབ་བཤེར། སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མི་ཆོག་པའི་བཙན་གནོན་བྱ་ཤུགས་ཆེ་རུ་སོང་ཡོད། ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་ཞིས་ཅིན་ཕིང་ལ་རྗེས་འཛིན་པ་ཞིག་བསྐོ་བཞག་བྱས་མེད་པ་དེ་ལ་བལྟས་ཚེ། རྒྱ་ནག་རྒྱལ་ཡོངས་སུ་ཝུ་ཁན་ལྟ་བུའི་དམ་དྲག་ཆེ་བའི་ས་གནས་ཁག་ཇེ་མང་དུ་འགྲོ་སྲིད་པའི་སྔ་ལྟས་ཡིན་པ་དང་། ༡༩༩༠་གོ་གྲངས་ནས་རྒྱ་ནག་གི་གྲོང་གསེབ་པ་ཚོས་རང་གི་ས་ཞིང་ཤོར་པ་དང་ཁང་ས་ཤོར་པ། རྒྱ་ནག་གི་རིམ་པ་ཁག་གི་འགོ་ཁྲིད་ཚོས་ལྐོག་ཟ་དང་ཁྲིམས་འགལ་བྱས་པ། རྒྱ་ནག་གི་གྲོང་གསེབ་དང་གྲོང་ཁྱེར་གཉིས་ལ་མི་མང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པར་ངོ་རྒོལ་དང་སྐྱོན་བརྗོད། རྒྱ་ནག་གི་གྲོང་གསེབ་པ་ཚོས་རང་གི་ཐོབ་ཐང་རྩོད་པའི་ལས་འགུལ་ཞིག་སྤེལ་རྒྱུ་མགོ་བརྩམས་ཡོད། ཡིན་ནའང་ད་ལྟ་རྒྱ་ནག་གི་སྤྱི་ཚོགས་སུ་སྲིད་གཞུང་ལ་གཏན་ནས་ངོ་རྒོལ་བྱེད་མི་ཆོག་པ་དང་སྲིད་གཞུང་ལ་ནོར་འཁྲུལ་བྱུང་བ་ཐེར་འདོན་བྱེད་མི་ཆོག་པའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG