ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཏང་གི་ཚོགས་ཆེན་སྐབས་ཀྱི་དམ་དྲག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། དུས་ནམ་ཞིག་རྒྱ་ནག་ལ་ཚོགས་འདུ་གལ་ཆེན་ཞིག་ཚོགས་ན་སྤྱི་ཚོགས་ལ་དམ་དྲག་དང་མི་དམངས་ལ་དམ་དྲག སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་ཤེས་ཡོན་ཅན་ཚོར་ལྟ་སྲུང་ནན་པོ། པེ་ཅིང་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་རླངས་འཁོར་ཉུང་དུ་བཏང་ནས་བཟོ་ཚོང་ལས་ཁང་ཁག་སྒོ་བརྒྱབ་པ། དུས་རྒྱུན་རྒྱ་ནག་གི་གྲོང་ཁྱེར་ཁག་གི་མཁའ་དབྱིངས་སུ་དུད་སྤྲིན་འཁྲིགས་ནས་གནམ་སྔོན་པོ་ཞིག་མཐོང་རིག་དཀོན་རུང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དུས་སུ་པེ་ཅིང་གྲོང་ཁྱེར་གྱི་མཁའ་དབྱིངས་དེ་ཉིད་སྔོ་ཐེང་ངེར་གཏོང་འཆར་ཡོད་ཅིང་། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེ་ཉིད་ཕྱོགས་གང་ཐད་དུ་ཕུན་སུམ་ཚོགས་པ་ཞིག་འཚོགས་ཐུབ་རྒྱུ་གཙིགས་སུ་བཟུང་སྟེ། ད་ལོའི་ཏང་གི་ཚོགས་ཆེན་ཐེངས་༡༩་པའི་ཆེད་དུ་རྒྱ་ནག་གི་ཞིང་ཆེན་གཞན་ཁག་ནས་ཉེན་རྟོག་པ་སྟོང་ཕྲག་མང་པོ་པེ་ཅིང་གྲོང་ཁྱེར་ལ་ཁ་སྣོན་བཏང་ཞིང་། ཕྱི་ཟླ་༩་མགོ་སྟོད་ནས་པེ་ཅིང་གྲོང་ཁྱེར་གྱི་ཉེན་རྟོག་པ་ཚོས་ཚོགས་ཆེན་མ་གྲོལ་བར་དུ་གུང་སེང་ལེན་མི་ཆོག་པའི་ཐག་གཅོད་བྱས་འདུག པེ་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཚཱེའི་ཆིས་གསར་འགོད་པར་བརྗོད་དོན། རྒྱལ་ས་པེ་ཅིང་ལ་ཏང་གི་ཚོགས་ཆེན་དེ་ཉིད་འགལ་རྐྱེན་མེད་པར་འཚོགས་ཐུབ་རྒྱུའི་འབད་བརྩོན་བརྒྱ་ཆ་བརྒྱ་ལྷག་བྱེད་ཀྱིན་ཡོད། ང་ཚོས་ངེས་པར་དུ་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་སྲུང་སྐྱོབ་དང་ཞི་བདེ་བརྟན་ལྷིང་མེད་པར་གཏོང་བའི་འབྱུང་རྩ་ཁག་འགོག་དགོས། ང་ཚོས་དྲཱ་ལམ་ལ་སྲུང་སྐྱོབ་བྱས་ནས་ཆབ་སྲིད་ཀྱི་དཀྲོག་གཏམ་སྒྲོགས་མཁན་ཚོར་མཐའ་གཅིག་ཏུ་དྲག་གཏོན་བྱ་འཆར་ཡོད་ཅེས་བཤད། སང་ཉིན་གཟའ་པ་སངས་ནས་རྒྱ་ནག་གི་འཛུགས་སྐྲུན་ལ་མཁོ་བའི་རྒྱུ་ཆ་འཚོང་ས་པེ་ཅིང་གི་ཁྲོམ་ར་ཆེ་ཤོས་དེ་སྒོ་བརྒྱབ་སྟེ། ཁྲོམ་ར་དེར་ལས་མི་ཁྲི་ཚོ་གཅིག་ལྷག་ཡོད་པ་རྣམས་དང་ཁྲོམ་ར་དེའི་ཉེ་འཁོར་དུ་ཚོང་ལས་ཆུང་ཁག་གཉེར་མཁན་རྣམས་ཧེ་པེའི་ཞིང་ཆེན་ལ་གནས་སྤོར་བྱ་རྒྱུ། ཁྲོམ་ར་དེར་རྒྱ་ནག་གི་གྲོང་གསེབ་ཁག་ནས་ཡོང་བའི་ངལ་རྩོལ་པ་རྣམས་འདུ་སྡོད་བྱས་ཡོད། ཁྲོམ་ར་དེའི་ཉེ་འཁོར་ཧ་ཅང་བཙོག་པ་ཡོད་པའི་སྟབས་ཀྱིས་ཁྲོམ་ར་གནས་སྤོར་བྱེད་དུ་བཅུག་པ་ཡིན་ཞེས་བཤད་ཀྱང་པེ་ཅིང་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཚོས་ཏང་གི་ཚོགས་ཆེན་དོན་དུ་ཁྲོམ་ར་སྒོ་རྒྱག་གི་ཡོད་པ་གསལ་བོར་བཤད་ཐུབ་མེད་ཅིང་། རྒྱ་ནག་གི་མེ་འཁོར་འབབ་ཚུགས་དང་རླངས་འཁོར་འབབ་ཚུགས། གནམ་ཐང་དང་སྲང་ལམ་ཁག་གི་བཞི་མདོ་གང་སར་མི་མང་གི་ལག་འཁྱེར་ལ་ཞིབ་བཤེར་དང་སྐད་ཆ་འདྲི་བ། རྒྱ་ནག་གཞུང་གིས་དོགས་ཟོན་བྱ་ཡུལ་གཙོ་བོ་ཞིག་གྲོང་གསེབ་ཁག་ནས་ཡོང་བའི་ངལ་རྩོལ་པ་ཚོ་ཡིན་པ་སྟེ། ཁོ་ཚོས་ཏང་གི་ཚོགས་ཆེན་དུས་སུ་ཟིང་ཆ་སློང་སྲིད་པའི་བློ་འཚབ་ཉེན་ཀ་ཡོད་པ་རེད། རྒྱ་ནག་གི་གྲོང་གསེབ་ཁག་གིས་ངལ་རྩོལ་པ་ཚོས་དབུས་གཞུང་གི་བློན་ཆེན་ལྷན་ཁང་ཁག་ལ་སྙན་ཞུ་ཕུལ་ནས་གྲོང་གསེབ་ཀྱི་ཞིང་ལས་པ་ཚོར་ཐོབ་ཐང་འདྲ་མཉམ་མེད་པ་དང་ས་ཞིང་འཕྲོག་པ། མི་མང་གི་འཐུང་ཆུ་དང་ས་ཞིང་འབའ་བཙོག་བྱས་ནས་ཁོར་ཡུག་གཏོར་བཤིག་ཐེབས་པ། མི་མང་གི་བདེ་ཐང་ལ་གནོད་པའི་འཛུགས་སྐྲུན་བྱས་པ་དང་ས་གནས་འགོ་ཁྲིད་ཚོས་ཁྲིམས་འགལ་དང་ལྐོག་ཟ། ཁོ་ཚོས་ཚོང་པ་འབྱོར་ལྡན་པ་ཚོར་ཁ་མཐུན་བྱས་ནས་མི་མང་ལ་གཉའ་གནོན་བྱེད་ཀྱི་ཡོད་ཅེས་གོང་རིམ་ལ་བདེ་སྡུག་ཞུ་སྲོལ་ཡོད་པ་དང་། དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་དང་གྲོང་གསེབ་གཉིས་ལ་མི་མང་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་བརྒྱུགས་ཏེ། རྒྱ་ནག་གི་གྲོང་གསེབ་པ་ཚོ་གྲོང་ཁྱེར་འཁོར་ལ་གནས་སྤོར་བྱ་རྒྱུ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་མོད། ཡིན་ནའང་ཁོ་ཚོར་རྒྱ་ནག་གི་གྲོང་ཁྱེར་ཁག་གི་དཔལ་འབྱོར་དང་ཚོང་ལས། སྨན་བཅོས་དང་འཕྲོད་བསྟེན། ལས་ཀ་དང་བུ་ཕྲུག་ལ་ཤེས་ཡོན་སློབ་སྦྱོང་སོགས་ཀྱི་གོ་སྐབས་འདྲ་མཉམ་ཐོབ་མེད། དེར་བརྟེན་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་གྲོང་གསེབ་ནས་ཡོང་བའི་ངལ་རྩོལ་པ་ཚོས་རྟག་ཏུ་ཁྲོམ་སྐོར་བྱས་ནས་ཟིང་འཁྲུག་སློང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས་དེར་བོད་རང་སྐྱོང་ལྗོངས་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་གཏོང་གི་མེད་པ་དང་། རྒྱ་ནག་གི་སྐད་འཕྲིན་དང་པེའི་ཏུའུ། ཝི་པའོ་བཅས་ལའང་དྲ་ལམ་གྱི་ཆ་འཕྲིན་ཁག་ལ་ཞིབ་བཤེར་བྱ་དགོས་པའི་བཀའ་བཏང་སྟེ། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དྲ་ལམ་ཞིབ་བཤེར་ལས་ཁང་གིས་པེའི་ཏུའུ་དང་ཝི་པའོ་གཉིས་ལ་རང་གི་དྲ་ལམ་གྱི་ཆ་འཕྲིན་རྣམས་ཞིབ་བཤེར་མ་བྱུང་བའི་ནག་ཉེས་བཙུགས་ནས་མི་དམངས་ཤོག་སྒོར་འབུམ་གཅིག་ཆད་པ་བཅད་འདུག རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པ་ཧྥེང་ཞའོ་གཱང་གིས་བཟོས་པའི་གློང་བརྙན་ན་གཞོན་ཟེར་པ་དེ་ཕྱི་ཟླ་༩་ཚེས་༣༠་ཉིན་སྟོན་འཆར་ཡོད་རུང་། ད་ལྟ་གློག་བརྙན་དེ་སྟོན་པའི་དུས་ཚོད་ཕྱིར་འགྱངས་བྱས་པ་དང་། གློག་བརྙན་དེའི་སྒྲུང་༡༩༧༩་ལོར་རྒྱ་ནག་དང་ཝི་ཏེ་ནམ་གཉིས་ཀྱིས་དམག་འཁྲུག་བརྒྱབ་པར་འབྲེལ་བ་ཡོད་པས། རྒྱ་ནག་གཞུང་གིས་ཏང་གི་ཚོགས་ཆེན་མ་ཚོགས་གོང་དེར་གློག་བརྙན་དེ་འདྲ་ཞིག་བསྟན་ན་སྤྱི་ཚོགས་ལ་འོས་འཚམས་ཡིན་མིན་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། ད་ལྟ་རྒྱ་ཡིག་གི་དྲ་ལམ་ཁག་ཏུ་དམངས་གཙོ་ཞེས་པའི་ཐ་སྙད་ཀྱང་མི་གསལ་བར་བཏང་ཡོད་པའི་གནས་ཚུལ་ཐོན་འདུག་པ་མ་ཟད། པེ་ཅིང་གྲོང་ཁྱེར་གྱི་མཐའ་འཁོར་དུ་བཟོ་གྲྭ་ཆུང་ཁག་དང་ཚོང་ལས་ཆུང་ཁག་ཚུགས་རྣམས་ཀྱང་ཟླ་བ་གཅིག་གི་སྔོན་ནས་སྒོ་བརྒྱབ་སྟེ། པེ་ཅིང་གི་གྲོང་ཁྱེར་མཐའི་བག་ལེབ་མངའ་མོ་འཚོང་མཁན་ལིའུ་ཞེས་པ་ཞིག་གིས་ཉེན་རྟོག་པ་ཚོ་ཉིན་ལྟར་འདྲི་གཅོད་བྱེད་དུ་ཐེངས་བཅུ་གྲངས་རེ་ཡོང་གི་འདུག གལ་སྲིད་ཁོ་ཚོས་ང་ལ་བཙན་དབང་གིས་སྒོ་ནས་ཚོང་ཁང་སྒོ་བརྒྱབ་ཏུ་བཅུག་ན་ངས་འཚོ་བ་ཇི་ལྟར་སྐྱེལ་དགོས་པ་རེད་དམ། ཁོ་ཚོས་མེ་སྐྱོན་དང་དུ་བ་ཉུང་དུ་བཏང་ནས་མཁའ་རླུང་གཙང་མ་བྱེད་དགོས་ཟེར་ཀྱིན་འདུག་ཅེས་གསར་འགོད་པར་བཤད་ཡོད། ད་ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་དེར་འཐུས་མི་༢༠༠༠་ལྷག་མཉམ་ཞུགས་བྱས་ཏེ། ཁོ་ཚོས་མ་འོངས་པའི་ལོ་ལྔའི་རྒྱ་ནག་གི་སྲིད་ཇུས་དང་ཁ་ཕྱོགས། རྒྱལ་ཁབ་ཀྱི་འགོ་ཁྲིད་གསར་པ་དང་དཔལ་འབྱོར་སྲིད་ཇུས་རྣམས་གཏན་འབེབས་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG