ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གོ་ནོར་ཐེབས་པའི་གཏམ་རྒྱུད་སྙིང་རྗེ་མོ།


༄༅།། ཉིན་འདི་དག་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལིར་ཆིབས་བསྒྱུར་བསྐྱངས་ནས་མཛད་འཕྲིན་རྒྱ་ཆེན་ཞིག་སྐྱོང་བཞིན་ཡོད་པ་དང་། ཐེངས་འདིའི་ཆིབས་སྒྱུར་བསྐྱངས་ཡུལ་གྱི་གྲས་སུ་ཨི་ཊི་ལིའི་གྲོང་ཁྱེར་མེ་སེ་སི་ན་ཡོད་ཅིང་། གྲོང་ཁྱེར་དེའི་སྤྱི་ཁྱབ་པ་རཱེ་ནཱ་ཏོ་ཨེག་ཁཱོ་རེན་ཌིས་༧གོང་ས་མཆོག་ལ་ཕུལ་བའི་མེ་ཏོག་ཆུན་པོ་ཞིག་དང་། དེ་ལས་བྱུང་བའི་གོ་ལོག་གི་ལོ་རྒྱུས་ཡིད་འགུལ་ཐེབས་པ་ཞིག་ཤེས་རྟོགས་བྱུང་སྟེ་མི་རྣམས་ཡིད་དབང་བཀུགས་སོང་། དེ་ནི་གོ་ནོར་ལས་བྱུང་བའི་གཏམ་རྒྱུད་སྙིང་རྗེ་མོ་ཞིག་རེད།

ལོ་ངོ་༢༠་ཙམ་གྱི་གོང་དུ་ཨི་ཊི་ལིའི་གསར་བུ་རཱེ་ན་ཏོ་ཞེས་པ་ལོ་ན་༣༠་བརྒལ་ཙམ་ཞིག་ཡིན་པ་སྟེ། སྤྱི་ལོ་༡༩༩༦་ལོར་ཁོ་པས་ལན་མང་ཐོས་མྱོང་ཡོད་པའི་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གྲོང་ཁྱེར་མེ་སེ་སི་ནར་ཕེབས་ནས་མཛད་འཕྲིན་བསྐྱངས་སྐབས་རཱེ་ན་ཏོའི་སེམས་སུ་ཐེངས་འདིར་༧གོང་ས་མཆོག་ལ་དངོས་སུ་མཇལ་བའི་གོ་སྐབས་འཆོར་མི་རུང་སྙམ་སྟེ་མེ་ཏོག་ཆུན་པོ་ཞིག་ཉོས། ཁོ་པ་༧གོང་ས་མཆོག་གི་མཛད་འཕྲིན་སྐྱོང་ཡུལ་དེར་འབྱོར་དུས་མི་ཚོགས་ཆེན་པོ་འཛོམས་ཡོད་པས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་ཧ་ཅང་ཁག་པོར་གྱུར་ཡོད་པ་མཐོང་སྟེ་མི་ཚོགས་ཀྱི་འཚང་ཁ་ཆེ་སར་བློ་ཕམ་ངང་དུ་བསྡད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་རཱེ་ན་ཏོ་མི་ཚོགས་ཁྲོད་དུ་ཡོད་པ་གཟིགས་ནས་མི་དེ་ཡར་གཏོང་ཤོག་ཅེས་གསུངས། དེར་བརྟེན་རཱེ་ན་ཏོ་གཞི་ནས་མི་ཚོགས་ཁྲོད་ནས་གར་སྟེགས་སུ་བཅར་ཏེ་མེ་ཏོག་ཆུན་པོ་དེ་༧གོང་ས་མཆོག་ཕུལ། རཱེ་ན་ཏོས་༧གོང་ས་མཆོག་གྲོང་ཁྱེར་དེར་ཡང་ཡང་ཕེབས་རོགས་གནང་ཞེས་སྙན་གསེང་ཞུས།

ཕྱི་ཉིན་ཨི་ཊ་ལིའི་གསར་ཁང་ཞིག་གིས་མེ་སེ་སི་ན་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་༧གོང་ས་མཆོག་མེ་སེ་སི་ན་གྲོང་ཁྱེར་དུ་ཡང་ཡང་ཕེབས་རོགས་གནང་ཞེས་སྙན་གསེང་ཞུས་པའི་གནས་ཚུལ་དང་། རཱེ་ན་ཏོས་༧གོང་ས་མཆོག་ལ་མེ་ཏོག་ཆུན་པོ་ཞིག་འབུལ་བཞིན་པའི་བརྙན་པར་རྣམས་གསར་འགྱུར་ནང་དུ་ཐོན། སྐབས་དེར་བརྡ་འཕྲིན་དར་མེད་པས་སྲོལ་རྒྱུན་གྱི་གསར་ལམ་ཁག་ཏུ་གནས་ཚུལ་དེ་ཧ་ཅང་ཁྱབ་བསྒྲགས་ཆེན་པོ་བྱུང་འདུག འདི་ནི་ནོར་འཁྲུལ་དང་གོ་ནོར་ཐེབས་པའི་གཏམ་རྒྱུད་ཅིག་ཡིན་ཞིང་། སྐབས་དེར་རཱེ་ན་ཏོ་ནི་གྲོང་ཁྱེར་དེའི་སྤྱི་ཁྱབ་པ་མིན་པ་མ་ཟད། ཁོ་པར་རང་ཉིད་མ་འོངས་པར་གྲོང་ཁྱེར་དེའི་སྤྱི་ཁྱབ་ལ་འགྱུར་རྒྱུ་རྨི་ལམ་དུའང་རྨིས་མྱོང་མེད་མོད། ཡིན་ནའང་གོ་ནོར་དེའི་འོག་ནས་རཱེ་ན་ཏོ་ལ་རྨི་ལམ་གསར་པ་ཞིག་གི་འབུས། ཁོ་པའི་སེམས་པར་གོ་ནོར་དེ་ཕལ་ཆེར་༧གོང་ས་མཆོག་གི་དགོངས་དོན་དང་བྱིན་རླབས་ཡིན་པར་བརྩིས། དེ་ནས་བཟུང་སྟེ་ཁོ་པས་སྤྱི་ཚོགས་ཀྱི་གནད་དོན་མང་པོར་དོ་སྣང་བྱ་རྒྱུ་མགོ་བཙུགས་ཏེ། འགྲོ་བ་མིའི་ཐོབ་ཐང་དང་མི་མང་གི་ཐོབ་ཐང་ལས་འགུལ་བ་ཞིག་ཏུ་གྱུར། དུས་དེ་ནས་བཟུང་སྟེ་རཱེ་ན་ཏོས་མཛད་སྒོ་དང་ཕྱག་ལས་གནང་ས། ལས་འགུལ་སྤེལ་ས་གང་ཞིག་ཡིན་རུང་སྟོད་ཐུང་གི་རྒྱབ་མདུན་གང་རུང་ལ་བོད་རང་དབང་ཞེས་འཁོད་པའི་གྱོན་ཆས་གོན་མགོ་བརྩམས། ཁོ་པ་མི་དཀྱུས་མ་ཞིག་གི་ངོས་ནས་བོད་དང་བོད་པའི་གནས་སྟངས་ལ་དོ་སྣང་གསར་པ་ཞིག་བསླེབས། ད་དུང་༧གོང་ས་མཆོག་གི་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་དང་དགོངས་པ་རྣམས་ལག་ལེན་བསྟར་རྒྱུ་མགོ་ཚུགས།

མི་ལོ་༢༠་ཙམ་གྱི་གཞུག་སྟེ། སྤྱི་ལོ་༢༠༡༣་ལོར་གྲོང་ཁྱེར་དེའི་མི་མང་གིས་རཱེ་ན་ཏོ་དངོས་སུ་ཨི་ཊི་ལི་གྲོང་ཁྱེར་མེ་སེ་སི་ནའི་སྤྱི་ཁྱབ་ལ་འོས་འདེམས་བྱུང་ཞིང་། སྤྱི་ལོ་༢༠༡༦་ལོར་ཁོ་པ་བསྐྱར་དུ་གྲོང་ཁྱེར་གྱི་སྤྱི་ཁྱབ་ལ་འདེམས་ཐོན་བྱུང་བ་ནི་སྔོན་གྱི་གོ་ནོར་ཐེབས་པའི་གཏམ་རྒྱུད་མངོན་དུ་གྱུར།

ལོ་ཤས་གོང་ནས་རཱེ་ན་ཏོས་༧གོང་ས་མཆོག་གྲོང་ཁྱེར་དེར་ཆིབས་སྒྱུར་གནང་དགོས་པ་དང་གྲོང་ཁྱེར་གྱི་མི་མང་ལ་བཀའ་སློབ་ལམ་སྟོན་གནང་དགོས་པའི་གསོལ་འདེབས་ལན་མང་ཞུས་དོན་ལྟར་ཐེངས་འདིར་༧གོང་ས་མཆོག་བསྐྱར་དུ་གྲོང་ཁྱེར་དེར་ཆིབས་སྒྱུར་གནང་སྟེ། ཨི་ཊ་ལིའི་རྒྱལ་ཡོངས་སུ་མཛད་འཕྲིན་རྒྱ་ཆེན་ཞིག་སྐྱོང་གི་ཡོད་ཅིང་། ཨི་ཊི་ལིའི་གྲོང་ཁྱེར་སོ་སོའི་སྤྱི་ཁྱབ་པ་དང་གྲོས་ཚོགས་འཐུས་མི་རྣམས་གནམ་ཐང་དུ་བཅར་ནས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་འདུག

ད་ལྟ་རཱེ་ན་ཏོས་གྲོང་ཁྱེར་མེ་སེ་སི་ནའི་སྤྱི་ཁྱབ་ཀྱི་མཚན་ཐོག་ཏུ་མི་གྲངས་སྟོང་ཕྲག་མང་པོ་འཛོམས་སར་བོད་རང་དབང་གི་སྟོད་ཐུང་ཞིག་གྱོན་ནས་མེ་ཏོག་ཆུན་པོ་ཞིག་དངོས་སུ་༧གོང་ས་མཆོག་ལ་ཕུལ་བ་དང་། གྲོང་ཁྱེར་དེའི་ཆེས་མཐོང་གི་བྱ་དགའ་མཐོ་ཤོས་ཏེ། ཞི་བདེའི་གཟེངས་རྟགས་ཀྱང་༧གོང་ས་མཆོག་ལ་ཕུལ་ཡོད་པ་རེད།།

XS
SM
MD
LG