ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྤོ་བོ་རྫོང་ཁོངས་ནས་བང་སོ་གསར་རྙེད།


İndoneziyada hərbi təlimlər I
İndoneziyada hərbi təlimlər I
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁྱེར། སྤོ་བོ་རྫོང་གི་ཁོངས་སུ་ལོ་ངོ་༢༧༠༠་ཡས་མས་ཀྱི་ལོ་རྒྱུས་ལྡན་པའི་བང་སོ་༡༣་གསར་དུ་རྙེད་ཡོད་པ་དང་། བང་སོ་དེ་དག་ནི་གནའ་བོའི་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། བང་སོ་དེ་དག་གསར་རྙེད་བྱུང་བ་དེས་གནའ་སྔ་མོར་ཡིག་ཐོག་ཏུ་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་མེད་པའི་དུས་ནས་འགྲོ་བ་མིའི་རིགས་འདི་ཇི་ལྟར་འཕེལ་རྒྱས་བྱུང་ཚུལ་ལ་རྒྱུས་ལོན་དང་ཤེས་རྟོགས། ཞིབ་འཇུག་བཅས་ཀྱི་ལས་དོན་ཁག་ལ་རྒྱུ་ཆ་ཁུངས་བཙན་དང་གལ་ཆེན་ཁག་ཅིག་མཁོ་སྦྱོར་བྱུང་ཡོད་ཅེས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་འདུག ཨ་སྒང་རོང་བང་སོ་ཞེས་འབོད་བཞིན་པའི་བང་སོ་ནི་དེང་སྐབས་བོད་རང་སྐྱོང་ལྗོངས་ཀྱི་སྤོ་བོ་རྫོང་། ཆུ་མདོ་གྲོང་བརྡལ་དུ་ཆགས་ཡོད་པ་མ་ཟད། ན་ནིང་ལོ་མཇུག་ཏུ་གནའ་རྫས་རྟོག་ཞིབ་མི་སྣ་ཚོས་སྔོག་འདོན་བྱས་པའི་བང་སོ་༡༣་ཡོད་པ་དེ་དག་གི་ནང་ནས་རྙེད་པའི་མིའི་རུས་པར་བརྟག་དཔྱད་བྱས་པར་གཞིགས་ན་བང་སོ་དེ་དག་བརྩིགས་ནས་ད་ལྟའི་བར་དུ་ལོ་ཆིག་སྟོང་བརྒྱད་བརྒྱ་ནས་ལོ་ཉིས་སྟོང་བདུན་བརྒྱ་ཡས་མས་ཤིག་འགོར་ཡོད་པ་ཤེས་རྟོགས་ཐུབ་ཡོད། བང་སོ་དེ་དག་གི་གྲས་ཀྱི་ལོ་གྲངས་སྔ་ཤོས་ནི་སྤྱི་ལོའི་སྔོན་གྱི་ལོ་བདུན་བརྒྱ་ལྔ་བཅུ་ནས་བཞི་བརྒྱ་དང་ལྔའི་བར་དུ་བརྩིགས་པར་སྣང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་འབྲེལ་ཡོད་ཞིབ་འཇུག་པས་བརྗོད་གསལ་ལྟར་ན་གོང་གི་བང་སོ་༡༣་གྲས་ཀྱི་བང་སོ་གཉིས་ནས་མིའི་རུས་སྒྲོམ་ཆ་ཚང་རེ་རྙེད། དེ་མིན་ད་དུང་བང་སོའི་ནང་དུ་རྫ་ཆས་དང་རྡོ་ཆས། ལྕགས་རིགས་སོགས་མང་པོ་ཡོད་པའི་ནང་དུ་རྫ་ཆས་བརྒྱད་དང་། རྒྱུ་ཆ་ལི་ལས་གྲུབ་པའི་མདའ་ལྕགས་གསུམ། ལྕགས་རོ་གཞན་པ་ཁག་ཅིག་བཅས་རྙེད། དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་དབྱེ་ཞིབ་གནང་བཞིན་པ་ལྟར་ན་གོང་གི་བང་སོ་དེ་དག་བརྒྱུད་ནས་བོད་ཀྱི་གནའ་བོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་གལ་ཆེན་ཁག་ཅིག་གི་མཐུན་རྐྱེན་བསྐྲུན། བང་སོ་དེ་དག་ལས་ཐོན་པའི་གནའ་བོའི་རྒྱུ་ཆ་དག་ལ་རིན་ཐང་ཆེན་པོས་གདེང་འཇོག་ཐོབ། ད་ལྟའི་བང་སོ་དེ་དག་རྙེད་སའི་སྤོ་བོའི་ཡུལ་ལ་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཁ་ཤས་ཀྱིས་ཡུལ་འདི་སྤུར་རྒྱལ་གྱི་ཐོག་མ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་པར་ངོས་འཛིན་མཁན་འདུག་ཅིང་། ད་ལྟ་སྦོ་བོ་རྫོང་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་མཚམས་ཏེ། ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ་དྲུག་བརྒྱ་སོ་དྲུག་དང་། ཆབ་མདོའི་དཔའ་ཤོད་རྫོང་ནས་སྤྱི་ལེ་ཉིས་བརྒྱ་དང་བཅུ་བདུན་བཅས་ཀྱི་མཚམས་སུ་ཆགས་ཡོད། སྤོ་བོ་རྫོང་ལ་གྲོང་བརྡལ་གསུམ་དང་ཤང་བརྒྱད། རྒྱ་ནག་གཞུང་ཕྱོགས་ཀྱི་པེ་ཏུའུ་ཅེས་པའི་འཚོལ་བཤེར་དྲ་བར་སྤོ་བོའི་ཡུལ་གྱི་མི་འབོར་ཕྱི་ལོ་ཉིས་སྟོང་གི་མི་འབོར་གྱི་གྲངས་ཀ་མ་གཏོགས་མི་གསལ། སྐབས་དེར་སྤོ་བོ་རྫོང་ཡོངས་སུ་མི་འབོར་ཉིས་ཁྲི་དྲུག་སྟོང་བདུན་བརྒྱ་བཞི་བཅུ་ཞེ་བརྒྱད་ཡོད་ཅེས་འཁོད། སྤྱིར་བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་དང་སྤོ་བོའི་ཡུལ་གྱི་གནམ་གཤིས་དང་ཡུལ་ལྗོངས་གང་ཐད་དུ་ཧ་ཅང་ལེགས་པོ་ཡོད་པའི་སྟབས་ཀྱིས་རྒྱ་མི་ཚོས་རྒྱ་ནག་གི་ས་ཆ་སྐྱིད་ཤོས་ཅང་ནན་གྱི་མིང་སྦྱར་ནས་གནས་འདིར་བོད་ཀྱི་ཅང་ནན་ཞེས་འབོད། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ཉིང་ཁྲི་དང་སྤོ་བོ་སོགས་ཀྱི་ས་ཆ་ཁ་ཤས་སུ་རྒྱ་ནག་གི་མི་འབོར་ཕོན་ཆེན་པོ་གནས་སྤོར་བྱེད་ཀྱི་ཡོད་པས་རྒྱ་མི་གནས་སྤོར་པའི་གྲངས་འབོར་མང་ནས་མང་རུ་འགྲོ་བཞིན་པའི་སྟབས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་ས་ཁུལ་གྱི་སྲིད་འཛིན་ས་གནས་ལ་རྒྱ་ནག་གིས་བརྒྱད་གཅིག་གྲོང་ཞེས་མིང་བཏགས། ས་གནས་བོད་པ་ཚོས་རྒྱ་མི་མང་པོ་གནས་འདིར་སྤོས་པར་ཟུར་ཟའི་ཚུལ་དུ་རྒྱ་མི་བརྒྱད་དང་བོད་པ་གཅིག་གི་གྲོང་ཁྱེར་ཞེས་་འབོད་སྲོལ་ཞིག་ཀྱང་དར། ཉིང་ཁྲི་དང་སྤོ་བོ་ཡུལ་དུ་བོད་ཀྱི་གནའ་བོའི་རིག་གནས་ཀྱི་རྩ་ཆེའི་ཤུལ་བཞག་མང་པོ་ཞིག་ཡོད་པ་བཞིན་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཆགས་ཡོད། ད་དུང་རྒྱ་མི་གནས་སྤོར་པའི་གྲངས་འབོར་མང་བའི་ཆ་ནས་ཀྱང་དོ་སྣང་ཆེན་པོ་བྱ་དགོས་པའི་ས་ཆ་ཞིག་ཡིན་ནོ།།

XS
SM
MD
LG