ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་དང་ཕྱི་སྲིད་ལྷན་ཁང་གཉིས་ཀས་གསར་འགོད་གསར་བསྒྲགས་རེ་སྤེལ་ཏེ། བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་རྒྱ་གར་གྱི་དམག་དཔུང་འགྲེམ་འཇོག་བྱེད་ཡོད་པ་རྣམས་འཕྲལ་དུ་ཕྱིར་འཐེན་བྱ་དགོས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྟོབས་ཤུགས་དང་ཆོད་སེམས་ལ་རྒྱ་གར་གྱིས་སྣང་ཆུང་མ་བཏང་ན་དགེ་མཚན་ཆེ། རྒྱ་གར་གྱིས་མཐའ་མཚམས་ཁག་ཏུ་དམག་བཀྲམ་ནས་དུས་ཚོད་ཕར་འགྱངས་དང་ཛ་དྲག་ཞི་འཇམ་གཏོང་ཐབས་བྱེད་བཞིན་ཡོད་མོད། འོན་ཀྱང་རྒྱ་ནག་ལ་རང་གི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་ཐུབ་པའི་སྟོབས་ཤུགས་ཡོད། རྒྱ་ནག་གིས་རང་གི་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་མཐའ་མཚམས་ལ་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་སུ་གཅིག་གིས་ཀྱང་འགོག་ཐབས་མེད། ལྡི་ལི་གསར་པའི་དབང་འཛིན་པ་ཚོས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་དམག་དཔུང་བཀྲམ་ཡོད་པ་རྣམས་ཕྱིར་འཐེན་བྱེད་ཀྱིན་མི་འདུག འདི་ནི་ཁོ་ཚོར་རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐའ་མཚམས་ཁག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུའི་ཀུན་སློང་མེད་པའི་རྟགས་མཚན་ཡིན། ད་ལྟ་རྒྱ་གར་གྱི་དམག་གིས་བོད་ཀྱི་འབྲོག་ལམ་ས་ཁུལ་ཁྲིམས་འགལ་གྱིས་བཙན་བཟུང་བྱས་ནས་ཟླ་བ་གཅིག་ལྷག་སོང་ཡོད། རྒྱ་གར་གྱིས་རང་གི་མཐའ་མཚམས་ཁག་གི་རྒྱ་ལམ་རྣམས་ཀྱང་ཞིག་གསོ་བྱས་ནས་དམག་དོན་ཡོ་བྱད་གསོག་འཇོག མཐའ་མཚམས་སུ་དམག་དཔུང་མང་དུ་བཏང་ནས་འཐབ་འཁྲུག་གི་གྲ་སྒྲིག་བྱེད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་འདུག

ད་ལོ་རྒྱ་ནག་གིས་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་བྱས་པར་རྒྱ་གར་དང་འབྲུག་ཡུལ་གཉིས་ཀྱིས་འབྲོག་ལམ་ས་ཁུལ་ནི་འབྲུག་པའི་མངའ་ཁོངས་ཡིན། རྒྱ་ནག་གིས་རྩོད་གཞི་ཅན་གྱི་འབྲོག་ལམ་ས་ཁུལ་ལ་རྒྱ་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ངོ་རྒོལ་བྱས་པ་མ་ཟད། རྒྱ་གར་གྱིས་འབྲུག་ཡུལ་ལ་སྲུང་སྐྱོབ་བྱ་རྒྱུའི་ཆིངས་ཡིག་བཞག་ཡོད་པ་ལྟར་རྒྱ་གར་གྱི་དམག་རྣམས་འབྲུག་དང་འབྲས་ལྗོངས། བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ལ་བཀྲམ། དེར་བརྟེན་རྒྱ་དཀར་ནག་གཉིས་ཀྱིས་སླར་ཡང་བོད་ཀྱི་མཐའ་མཚམས་ཁག་ཏུ་དམག་འཁྲུག་རྒྱག་སྲིད་པའི་ཛ་དྲག་བྱུང་སྟེ། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྐམ་དམག་དང་གནམ་དམག ལྕགས་འཁྲབ་འཁོར་ལོའི་དཔུང་སྡེ་བཅས་ཀྱིས་བོད་མཐོ་སྒང་དུ་དམག་སྦྱོང་བྱས་ནས་རྒྱ་གར་ལ་སྡིགས་ར་བསྐུལ། ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་དམག་གིས་བོད་མཐོ་སྒང་དུ་དམག་སྦྱོང་བྱེད་ཀྱི་ཡོད་པ་དབུས་བརྙན་འཕྲིན་ཁང་གིས་བསྟན་ཡོད། ད་དུང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཉིན་རེའི་ཚགས་པར་ནང་དུའང་འབྲོག་ལམ་ས་ཁུལ་དུ་ཛ་དྲག་ལངས་ཡོད། བོད་ཀྱི་མཐའ་མཚམས་ཁག་ལ་རྒྱ་གར་གྱིས་དམག་དཔུང་བཀྲམ་ནས་འཁྲུག་རྩོད་སློང་གི་འདུག རྒྱ་གར་གྱི་དམག་གིས་བོད་ཀྱི་འབྲོག་ལམ་ས་ཁུལ་ལ་བཙན་འཛུལ་བྱེད་ཀྱི་ཡོད་རུང་རྒྱ་ནག་གིས་ཕྱི་འབྲེལ་ཐབས་ཇུས་བརྒྱུད་ནས་ཕྱོགས་གཉིས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱ་ཐུབ་པའི་ཐབས་ཇུས་བསྟེན་བཞིན་ཡོད། ང་ཚོས་དམག་བརྒྱབ་ནས་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱ་དགོས་པ་ནི་ཆེས་མཐར་ཐུག་གི་གདམ་ཀ་དེར་རྩི་བཞིན་ཡོད་ཅེས་གསར་འགྱུར་ཞིབ་ཁྲ་སྤེལ། ཕྱི་ཟླ་༨་ཚེས་༣་ཉིན་རྒྱ་གར་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ལིའུ་ཅིན་སུང་གིས་ཀྱང་རྒྱ་གར་བའི་གསར་འགོད་པ་རྣམས་བསྡུས་ནས་རྒྱ་གར་གྱི་དམག་རྣམས་འབྲོག་ལམ་ས་ཁུལ་ནས་ཕྱིར་འཐེན་བྱ་དགོས། གལ་སྲིད་རྒྱ་གར་གྱི་དམག་རྣམས་འབྲོག་ལམ་ས་ཁུལ་ནས་ཕྱིར་འཐེན་མ་བྱས་ན་མཇུག་འབྲས་ཚབས་ཆེན་ཞིག་འབྱུང་སྲིད་ཅེས་ཉེན་བརྡ་བཏང་ཞིང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གར་ལའང་དམག་འཁྲུག་རྒྱག་འདོད་མེད། ས་མཚམས་ཀྱི་རྩོད་གཞི་དེ་ཉིད་ཞི་བའི་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་འདོད་ཡོད་ཅེས་ལན་འདེབས་བྱས་རུང་། ད་སྔ་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་གི་ཛ་དྲག་ཞི་འཇམ་གཏོང་བར་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་མེད་ཅིང་། སིང་ག་པུར་གྱི་ཉན་ཐང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་ར་ཇེ་ཤི་བྷ་སི་རུར་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་མ་འཚོགས་བར་དུ་རྒྱ་ནག་ལ་མཐའ་མཚམས་ཀྱི་ཛ་དྲག་ཞི་འཇམ་གཏོང་འདོད་མེད། ཁོ་ཚོས་མུ་མཐུད་དུ་རྒྱ་གར་ལ་གནོན་ཤུགས་སྤྲོད་རྒྱུའི་རྣམ་པ་འདུག བདུན་ཕྲག་སྔོན་མར་ཞིས་ཅིན་ཕིང་ནང་སོག་གི་དམག་སྡེ་ཞིག་ལ་གཟིགས་ཞིབ་ཏུ་ཕེབས་ཏེ། ཁོང་གིས་རྒྱ་ནག་གི་དམག་ལ་འཐབ་འཁྲུག་གི་གྲ་སྒྲིག་ཆ་ཚང་ཡོད་པའི་བརྡ་ཞིག་བཏང་སོང་། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ཀྱང་ཞིས་ཅིན་ཕིང་འགོ་ཁྲིད་བརྟན་པོ་དང་མི་མཁྲེགས་པོ། རྒྱ་ནག་ལ་ཞིས་ཅིན་ཕིང་ལྟ་བུའི་འགོ་ཁྲིད་ཅིག་དགོས་ངེས་ཡིན་པའི་བག་ཆགས་འཇོག་གང་ཐུབ་བྱེད་ཀྱིན་འདུག་ཅེས་བཤད་དོ།།

XS
SM
MD
LG