ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གཞུང་གིས་ཕྱི་སྡོད་ཡུ་གུར་པར་འཇིགས་སྐུལ།


ཉེ་ཆར་ཞིན་ཅང་ངམ། ཤར་ཏི་ཀི་སི་ཐན་གྱི་ཕྱི་ལོགས་སུ་ཡོད་པའི་ཡུ་གུར་པའི་སློབ་མ་སོགས་མི་ཁ་ཤས་ལ་རྒྱ་གཞུང་གི་ལས་སྣེ་ཚོས་ཁ་པར་བཏང་སྟེ། ཁོ་ཚོར་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་པའམ། དེ་མིན་ན་རྒྱ་ནག་གི་ཆེད་དུ་གསང་བའི་ལས་དོན་སྒྲུབ་དགོས། གལ་ཏེ་རྒྱ་གཞུང་གི་རེ་བ་བཞིན་མ་བསྒྲུབས་ན་ཞིན་ཅང་དུ་ཡོད་པའི་ཡུ་གུར་པའི་སློབ་མ་དེ་དག་གི་བཟའ་མི་ཚོར་དཀའ་ངལ་འཕྲད་སྲིད་ཅེས་འཇིགས་སྣང་སྐུལ་འདུག ཨ་རིའི་ཡུ་གུར་མཐུན་ཚོགས་པའི་ཚོགས་གཙོ་ཨི་ཤཏ་ཀོ་བྷེ་རིས་ཡུ་གུར་པའི་སློབ་མ་ཞིག་ལ་ཕྲད་པའི་དཀའ་ངལ་བརྗོད་དོན། སློབ་ཕྲུག་དེས་ཁོ་པར་ཞིན་ཅང་གི་ཝུ་རུ་མུ་ཆིའི་གསང་བའི་ལས་ཁང་གི་ཡིན་ཟེར་བའི་མི་ཞིག་གིས་ཁ་པར་བཏང་སྟེ། ཁོ་པ་རྒྱ་ནག་ལ་ཕྱིར་ལོག་བྱ་དགོས། གལ་ཏེ་ཁྱོད་རྒྱ་ནག་ལ་ཕྱིར་ལོག་མི་བྱ་ན་ཁྱོད་ཀྱིས་རྒྱ་ནག་གཞུང་ལ་ལས་ཀ་བསྒྲུབ་དགོས། ལས་ཀ་ནི་ཁྱོད་ཀྱིས་ཤེས་པའི་ཕྱི་ལོགས་སུ་ཡོད་པའི་ཡུ་གུར་པའི་གནས་ཚུལ་རྣམས་རྒྱ་གཞུང་ལ་མཁོ་སྤྲོད་བྱ་དགོས། གལ་ཏེ་ང་ཚོས་རེ་བ་བཏོན་བཞིན་ཁྱོད་ཀྱིས་མ་བསྒྲུབས་ན་རྒྱ་ནག་ཏུ་ཡོད་པའི་ཁྱོད་ཀྱི་ཨ་མ་དང་ཨ་ཅེ་ལ་གནོད་སྐྱེལ་སྲིད་ཅེས་འཇིགས་སྐུལ་བྱས་འདུག་ཅིང་།

ཡུ་གུར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཨི་ཤཏ་ཀོ་བྷེ་རིས་གོང་གི་སློབ་མ་དེའི་གནས་སྟངས་ལྟ་བུ་ཁ་ཤས་ཞིག་གོ་ཐོས་བྱུང་སོང་། ཨ་རིའི་ཁེ་ལི་ཧྥོ་ཎི་ཡ་མངའ་སྡེར་ཡོད་པའི་ཡུ་གུར་པའི་སློབ་མ་ཞིག་ལའང་རྒྱ་ནག་གཞུང་གིས་དེ་དང་གཅིག་མཚུངས་ཀྱིས་འཇིགས་སྐུལ་བྱས་འདུག སྔོན་ཆད་ཀྱང་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱིས་འདི་དང་འདི་ལྟ་བུའི་བྱ་སྤྱོད་མང་པོ་སྤེལ་ནས་ཕྱི་ལོགས་ཀྱི་ཡུ་གུར་བའི་གྲས་སུ་རྒྱ་གཞུང་ལ་གནས་ཚུལ་སྡུད་རུབ་བྱེད་མཁན་རེ་འཚོལ་ཐབས་བྱས་འདུག་མོད། ཡིན་ནའང་ད་ལོ་ལྟ་བུའི་གནས་ཚུལ་ཚབས་ཆེན་འདི་འདྲ་ནི་བྱུང་མྱོང་མེད། ལྷག་པར་དུ་འདས་པའི་ཟླ་ངོ་གཉིས་ཀྱི་རིང་ལ་ཕྱི་ལོགས་སུ་ཡོད་པའི་ཡུ་གུར་པའི་ན་གཞོན་མང་ཆེ་བར་རྒྱ་ནག་གཞུང་གིས་ཁ་པར་བཏང་འདུག་ཅེས་བཤད། ཡང་ཁོང་གིས་ཤེས་གསལ་ལ་སྔོན་ཆད་ཡུ་གུར་པའི་སློབ་མ་གཉིས་ཀྱིས་རྒྱ་གཞུང་གི་ཁ་ལ་མཉན་ནས་རང་ཡུལ་ལ་ཕྱིར་ལོག་བྱས་ཤིང་། ཐོག་མར་སློབ་མ་གཅིག་སློབ་སྦྱོང་འཛིན་གྲྭ་ཞེས་པ་ཞིག་ལ་ཞུགས་ཏུ་བཅུག དེའི་རྗེས་སུ་གར་སོང་ཆ་མེད་དུ་གྱུར་སོང་། གཞན་ཡང་ཞིན་ཅང་གི་ཨ་ཁུ་སུ་ས་གནས་ཀྱི་སློབ་མ་ཞིག་རང་ཡུལ་ལ་ཕྱིར་ལོག་བྱེད་དུས་འཛིན་བཟུང་བྱས་ནས་ལོ་ལྔ་དྲུག་ཅིག་གི་ཁྲིམས་ཐག་བཅད་སོང་ཞེས་བརྗོད།

རྒྱ་ནག་གཞུང་གིས་ཕྱི་ལོགས་སུ་ཡོད་པའི་ཡུ་གུར་པའི་སློབ་ཕྲུག་ཚོར་འཇིགས་སྐུལ་བྱེད་བཞིན་པ་ཙམ་གྱིས་མི་ཚད་པར་ཡུ་གུར་པའི་ཚོགས་སྡེ་ཁག་དང་མི་མང་སྒེར་པ་སོགས་ཕྱོགས་ཡོངས་ལ་ཐེ་གཏོགས་ཀྱིས་སྔོན་ཆད་འཇར་མན་ཎི་རྒྱལ་ཁབ་དུ་ཡོད་པའི་ཡུ་གུར་པའི་རང་དབང་འཐབ་རྩོད་པ་དུལ་ཁུན་ཨི་ས་ཞེས་པ་ཞིག་ཀྱང་ཨི་ཊི་ལིར་ཉན་ཞིབ་ཚོགས་འདུ་ཞིག་ལ་ཕེབས་པའི་སྐབས་སུ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་ལྷན་ཁང་ལ་ཡུ་གུར་པ་དེ་འཇིགས་སྐུལ་དྲག་སྤྱོད་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱ་དགོས་ཞེས་སྙན་ཞུ་ཕུལ། ཨི་ཊི་ལིའི་ཉེན་རྟོག་པས་དུས་ཡུན་ཆུ་ཚོད་གསུམ་ལྷག་ལ་དུལ་ཁུན་ཨི་ས་བཀག གཞན་ཡང་ཨེ་ཇེབ་སོགས་རྒྱ་ནག་གཞུང་ལ་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁབ་ཏུ་ཡུ་གུར་པའི་སློབ་མ་སོགས་གང་བྱུང་དུ་འཛིན་བཟུང་བྱེད་ཀྱི་ཡོད་པས་སློབ་མ་ཁ་ཤས་ཉེན་རྟོག་པས་བཙན་ཁྲིད་བྱ་སྲིད་པར་ཞེད་སྣང་སྐྱེས་ནས་མཚན་ལ་གཉིད་ཀྱང་ཡག་པོ་ཁུག་ཐུབ་ཀྱི་མེད་པ་རྣམས་ཡུ་གུར་པའི་མཐུན་ཚོགས་ཁག་གི་ཚོགས་གཙོ་རྣམ་པས་མཐོང་ཐོས་བྱུང་བ་འགྲེལ་བརྗོད་བྱས་འདུག ད་སྔ་རྒྱ་ནག་གཞུང་གི་གནོན་ཤུགས་མ་བཟོད་པར་མ་ལེ་ཞི་ཡའི་གཞུང་གིས་ཕྱི་ལོ་༢༠༡༣་ལོར་འཇིགས་སྐུལ་དྲག་སྤྱོད་པའི་ཉེས་མིང་འོག་ཏུ་ཉུང་མཐའ་ཡང་ཡུ་གུར་པ་༢༨་ཙམ་རྒྱ་གཞུང་ལ་རྩིས་སྤྲད། ཐེ་ལན་ཌིའི་གཞུང་གིས་༢༠༡༥་ལོར་ཡུ་གུར་པ་མི་བརྒྱ་ཐམ་པར་མགོ་རས་གཡོགས། ལག་པར་ལྕགས་སྒྲོག་བརྒྱབ་ནས་རྒྱ་ནག་ལ་རྩིས་སྤྲད། དེ་བཞིན་ཨེ་ཇེབ་གཞུང་གིས་ད་ལོའི་ཕྱི་ཟླ་༧་ཚེས་༦་ཉིན་ཡུ་གུར་པའི་སློབ་མ་༡༢་རྒྱ་ནག་ལ་རྩིས་སྤྲད་པ་མ་ཟད། མི་༡༥༠་ཙམ་འཛིན་བཟུང་གིས་རྒྱ་ནག་ལ་རྩིས་སྤྲོད་འཆར་ཡོད་འདུག

XS
SM
MD
LG