ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་ལོ་ལྟར་ཕྱི་ཟླ་༨་པར་པེ་ཅིང་ནས་རྒྱང་ཁད་སྤྱི་ལེ་༢༨༠་མཚམས་ཀྱི་པེ་ཐེ་ཧེར་ལྷན་དུ་འཛོམས། པེ་ཐེ་ཧེའི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ལས་དོན་གལ་ཆེན་ཁག་གཏན་ལ་ཕབ་སྟེ། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་སུ་ཞིག་འཕོ་འགྱུར་གཏོང་དགོས་མིན་བཅས་ཀྱི་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། ༢༠༡༧་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པ་འཚོགས་འཆར་ཡོད་པར་བརྟེན། ད་ལོའི་པེ་ཐེ་ཧེའི་ཚོགས་འདུ་དེ་ཉིད་སྔར་ལས་ལྷག་པའི་གནད་འགག་ཅན་ཞིག་ཏུ་གྱུར། དཔེར་ན་རྒྱ་ནག་དམར་ཤོག་གི་མི་རབས་༦་འགོ་པའི་ཁྲིད་གྲས་སུ་མི་སུ་སུ་བསྐོ་བཞག་བྱ་དགོས་མིན་དང་། ཞིས་ཅིན་ཕིང་ལས་དུས་གཉིས་ཀྱི་རྗེས་སུ་འཕོ་འགྱུར་འགྲོ་རྒྱུ་ཡིན་མིན། གལ་སྲིད་ཞིས་ཅིན་ཕིང་ལས་དུས་གཉིས་ཀྱི་རྗེས་སུ་འཕོ་འགྱུར་འགྲོ་ན་རྗེས་འཛིན་པར་སུ་ཞིག་བསྐོ་བཞག་བྱ་དགོས་མིན་གྱི་ཐག་གཅོད་བྱ་དགོས། དེར་བརྟེན་རྒྱ་ནག་གི་དབང་རྩོད་ཤོག་ཁག་ཚོའི་འཐབ་རྩོད་ཀྱི་རྣོ་ངར་ཆེ་རུ་སོང་སྟེ། ཁོ་ཚོས་རང་ཕྱོགས་ཀྱི་མི་རྣམས་ཐེངས་རྗེས་མའི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མིའི་གྲས་སུ་བསྐོ་བཞག་ཐུབ་ཐབས། རང་ཕྱོགས་ཀྱི་མི་རྣམས་བསྐོ་བཞག་ཐུབ་ཐབས་སུ་རྒྱ་ནག་གི་འགོ་ཁྲིད་ཚོར་ཆབ་སྲིད་ཀྱི་ནང་ཚོང་རྒྱག་པའི་སྲོལ་ཞིག་དར། ཉེ་ཆར་གནས་དབྱུང་བཏང་བའི་རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་སུན་ཀྲེང་ཚཱེ་ནི་ཞིས་ཅིན་ཕིང་གི་རྗེས་འཛིན་པར་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱས་རུང་། ཟླ་བ་སྔོན་མར་སུན་ཀྲེང་ཚཱེ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་གོ་གནས་ཕབ། དེས་ན་རྒྱ་ནག་གི་དབང་རྩོད་ཤོག་ཁག་ཚོས་སླར་ཡང་རང་གི་ཆབ་སྲིད་ཀྱི་མིག་མངས་རྩེད་གཞོང་སྟེང་དུ་བཀྲམ་པའི་ལག་རྡེལ་རྣམས་བསྐྱར་དུ་བསྒྲིག་དགོས་ཐུག་ཡོད། ཡིན་ནའང་འདས་པའི་ལོ་ངོ་བཅུ་ཕྲག་མང་པོར་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་ལས་ཐོག་རྣམས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་བགྲེས་ཡོལ་འགོ་ཁྲིད་ཚོ་པེ་ཐེ་ཧེར་ལྷན་འཛོམས་བྱས་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་དང་དཔལ་འབྱོར་གྱི་ཁ་ཕྱོགས། དམག་དོན་གྱི་ཁ་ཕྱོགས། རྒྱ་ནག་ལ་སྲིད་ཇུས་ཅི་ཞིག་གཏན་འབེབས་བྱས་ཀྱང་པེ་ཐེ་ཧེའི་ཚོགས་འདུའི་ཐོག་གི་ཐག་གཅོད་རྣམས་རྒྱ་ནག་མི་དམངས་ལ་གཏན་ནས་ཕྱིར་བསྒྲགས་བྱེད་སྲོལ་མེད། ཐ་ན་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་པེ་ཐེ་ཧེར་ལྷན་འཛོམས་བྱེད་ཡོད་པའང་ཕྱིར་བསྒྲགས་བྱ་དཀའ། སྔོན་ཆད་ཁྲུན་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་སུན་ཀྲེང་ཚཱེ་ཞིས་ཅིན་ཕིང་གི་རྗེས་འཛིན་པར་འགྱུར་སྲིད་པའི་ཚོད་དཔག་བྱ་ཡུལ་གྱི་འོས་མི་གཙོ་བོ་ཞིག་ཡིན་རུང་། ཁོ་པར་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱེད་བཞིན་ཡོད་ཅིང་། ད་ལྟ་ཞིས་ཅིན་ཕིང་ལས་དུས་གཉིས་ཀྱི་རྗེས་སུ་འཕོ་འགྱུར་འགྲོ་རྒྱུ་ཡིན་མིན་ཡང་ངེས་གཏན་མེད། གལ་སྲིད་ཞིས་ཅིན་ཕིང་ལས་དུས་གཉིས་ཀྱི་རྗེས་སུ་འཕོ་འགྱུར་མ་སོང་ཚེ། ཏིང་ཞའོ་ཕིང་གིས་རྒྱ་ནག་གི་ཆེས་མཐོ་འགོ་ཁྲིད་ཚོ་ལས་དུས་གཉིས་ཀྱི་རྗེས་སུ་འཕོ་འགྱུར་འགྲོ་དགོས་པའི་ལམ་སྲོལ་ཞིག་གཏན་ལ་ཕབ་པར་བརྩི་མེད་འགྲོ་རྒྱུ་དང་། གལ་སྲིད་ལོ་འདིའི་པེ་ཐེ་ཧེའི་ཚོགས་འདུའི་ཐོག་ཏུ་ཞིས་ཅིན་ཕིང་ལས་དུས་གཉིས་ཀྱི་རྗེས་སུ་འཕོ་འགྱུར་འགྲོ་དགོས་པའི་ཐག་གཅོད་བྱེད་ཚེ། ཁོང་གི་རྗེས་འཛིན་པར་སུ་ཞིག་བསྐོ་བཞག་བྱ་འཆར་ཡོད་མེད་ཚོད་དཔག་གི་གནས་སུ་ཟད། རྒྱ་ནག་གི་ཉམས་ཞིབ་པ་ཁག་ཅིག་གིས་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཧུ་ཁྲུན་ཧྭ་རྒྱ་ནག་དམར་ཤོག་གི་མི་རབས་༦་པའི་འགོ་ཁྲིད་དམ། ཞིས་ཅིན་ཕིང་གི་རྗེས་འཛིན་པར་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་པེ་ཐེ་ཧེའི་ཉེ་འཁོར་གྱི་བདེ་འཇགས་སྲུང་སྐྱོབ་དམ་དུ་བཏང་སྟེ། གསར་འགོད་པ་དང་མི་དམངས་དཀྱུས་མ་རྣམས་པེ་ཐེ་ཧེའི་ཉེ་འཁྲིས་སུའང་བཅར་དུ་འཇུག་གི་མེད་པས། ཉམས་ཞིབ་པ་དང་གསར་འགོད་པ་ཚོས་ལོ་འདིའི་པེ་ཐེ་ཧེའི་ཚོགས་འདུར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་སུ་སུ་གདན་འདྲེན་ཞུས་ཡོད་མེད་ཀྱང་ཚོད་དཔག་ཐུབ་མེད། ཐོག་མར་༡༩༥༣་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་པེ་ཅིང་གི་ཚ་གདུག་ལ་གཡོལ་པར་པེ་ཐེ་ཧེར་ལས་ཁུངས་ཚུགས། དེ་ནས་བཟུང་སྟེ་ལོ་ལྟར་རྒྱ་ནག་གི་འགོ་ཁྲིད་ཚོ་དབྱར་གྱི་ཚ་གདུག་དུས་སུ་པེ་ཅིང་ནས་པེ་ཐེ་ཧེར་སྤོར་རྒྱུའི་སྲོལ་ཞིག་ཚུགས། མའོ་ཙེ་ཏུང་གིས་རྒྱ་ནག་ལ་སྤེལ་པའི་མཆོང་སྐྱོད་ཆེན་མོའི་ལས་འགུལ་ཡང་པེ་ཐེ་ཧེའི་ཚོགས་འདུའི་ཐོག་ཏུ་ཐག་གཅོད་བྱས་འདུག རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ཡི་དུས་སུ་པེ་ཐེ་ཧེའི་གཞུང་གི་ལས་ཁུངས་རྣམས་སྒོ་བརྒྱབ་རུང་། ད་དུང་ཡང་པེ་ཐེ་ཧེའི་ནུབ་ཕྱོགས་སུ་རྒྱ་ནག་གི་ཆེས་མཐོ་འགོ་ཁྲིད་ཚོར་འདུག་ས་ཁང་པ་ཡོད་པ་དང་། པེ་ཐེ་ཧེའི་ཤར་ཕྱོགས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་བྱེད་པ་ཚོར་འདུག་ས་ཡོད་ཅིང་། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་རྣམས་མཚོ་ནང་དུ་ཆུ་རྐྱལ་རྒྱག་དུས་དམིགས་བསལ་གྱི་སྦྱོང་བརྡར་ཐོབ་པའི་སྐུ་སྲུང་བ་ཚོས་མཐའ་བསྐོར། ཁོ་ཚོས་ངལ་གསོ་རྒྱག་དུས་སྐུ་སྲུང་བ་ཚོས་མགྱོགས་གྲུའི་ནང་དུ་མཚོ་འགྲམ་ལ་སྐྱེལ་ནས་སྤྲོ་སྐྱིད་ཀྱི་གུང་སེང་ངམ། ཡང་ན་ངལ་གསོའི་དུས་སྐབས་དང་བསྟུན་ནས་རྒྱལ་ཁབ་ཀྱི་ལས་དོན་ཆེ་ཁག་རྣམས་ཐག་གཅོད། རྒྱ་ནག་གི་བགྲེས་ཡོལ་འགོ་ཁྲིད་ཁག་ལ་མཚོན་ན་པེ་ཐེ་ཧེའི་ཚོགས་འདུ་ནི་ལོ་རེར་མཉམ་འཛོམས་ཀྱི་གོ་སྐབས་ཤིག་ཡིན་པ་མ་ཟད། ཁོ་ཚོས་སྔར་བཞིན་རྒྱ་ནག་གི་ཆབ་སྲིད་ལ་ཐེ་གཏོགས་དང་དབང་ཐང་མ་ཉམས་པར་རྒྱུན་འཛིན་བྱེད་པར་དགོས་ངེས་ཤིག་ཡིན་ཞིང་། ད་ལོའི་བརྒྱད་གཅིག་དུས་ཆེན་ཉིན་ཞིས་ཅིན་ཕིང་གཅིག་པུས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་གཟིགས་ཞིབ་བྱས་ཡོད། ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་གཅིག་ཀྱང་དམག་གི་གཟིགས་ཞིབ་ལ་གདན་འདྲེན་ཞུས་མེད་པ་དེས་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་གི་དབང་ཆ་ཡོངས་རྫོགས་མི་གཅིག་གིས་འཛིན་ཐབས་བྱེད་བཞིན་པ་མཚོན་ཐུབ། མའོ་ཙེ་ཏུང་གི་རྗེས་སུ་རྒྱ་ནག་གི་འགོ་ཁྲིད་སུ་ཞིག་ལའང་སྲོག་ཤིང་གི་འགོ་ཁྲིད་ཅེས་ཆེ་བསྟོད་བྱས་མྱོང་མེད་རུང་། ཞིས་ཅིན་ཕིང་ལ་རྒྱ་ནག་གི་སྲོག་ཤིང་གི་འགོ་ཁྲིད་ཅེས་མཚན་གསོལ། ཉམས་ཞིབ་པ་ཚོས་ཟླ་བ་འདིའི་པེ་ཐེ་ཧེའི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་བགྲེས་ཡོལ་འགོ་ཁྲིད་ཚོས་ཤུགས་རྐྱེན་དེ་ཙམ་ཐེབས་མི་ཐུབ། ཅིའི་ཕྱིར་ཞེ་ན་ཞིས་ཅིན་ཕིང་གིས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཚོའི་ཤུགས་རྐྱེན་གཅོག་གི་འདུག་ཅེས་གླེང་ངོ་།།

XS
SM
MD
LG