ངོ་འཕྲད་བདེ་བའི་དྲ་འབྲེལ།

གླིང་ཆེན་ཨ་ཧྥི་རི་ཀ་ནི་འཛམ་གླིང་འདིར་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་ཁྱབ་ཆེས་ཆུང་ཤོས་ཀྱི་གླིང་ཆེན་ཞིག་ཡིན་མོད། འོན་ཀྱང་མི་རྣམས་ཀྱི་ཤེས་ཚོར་མེད་པ་ཞིག་ལ་གླིང་ཆེན་རྒྱལ་ཁབ་ཕལ་མོ་ཆེར་ནང་པའི་ཆོས་ཉམས་ལེན་བྱེད་མཁན་མེད་པ་ནི་མིན་པ་སྟེ། དཔེར་ན་ཤར་ངོས་རྒྱ་གར་རྒྱ་མཚོ་ལ་ཐུག་པའི་གླིང་ཆེན་དེའི་བྱང་ཤར་ས་ཁུལ་ཁག་ཏུ་དུས་རབ་༡༩་པའི་མགོ་སྟོད་ཙམ་ནས་ནང་ཆོས་དར་འགོ་ཚུགས།

འདི་ལོའི་སྤྱི་ཟླ་༨་ནང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དད་ལྡན་པ་ཁག་ཅིག་གིས་ཨ་ཧྥི་རི་ཀའི་རྒྱལ་ཁབ་བྷ་ཚི་ཝ་ནར་གདན་འདྲེན་ཞུས་ཡོད་པ་མ་ཟད། ཟླ་བ་འདིའི་འགོ་སྟོད་དུ་ཡུལ་དེའི་ནང་པའི་ལྷ་ཁང་ཞིག་ནས་སྟོན་པའི་སྐུ་བརྙན་ཞིག་རྐུ་ལ་ཤོར་པའི་གསར་འགྱུར་ཁྱབ་སྟེ། ཨ་ཧྥི་རི་ཀའི་རྒྱལ་ཁབ་བྷོ་ཚི་ཝ་ནར་ནང་ཆོས་ཉམས་ལེན་བྱེད་མཁན་ཡོད་པ་ཤེས་རྟོགས་བྱུང་འདུག

ལྷོ་ཨ་ཧྥི་རི་ཀའི་གཙུག་ལག་སློབ་གྲྭའི་ཆོས་ལུགས་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་ཇཱོན་སན་གྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཡེ་ཤེས་རྡོ་རྗེ་ལགས་སུ་འགྲེལ་བརྗོད་བྱས་དོན། སྤྱི་ལོ་༡༩༢༠་རྩ་གྲངས་སུ་སིངྒ་ལའི་ནོར་རྫས་ཚོང་པ་ཚོས་ཨ་ཧྥི་རི་ཁའི་བྱང་ཤར་དུ་ཆགས་པའི་ཐན་ཟ་ཎི་ཡར་ནང་པའི་ལྷ་ཁང་དང་པོ་དེ་བཞེངས། གླིང་ཆེན་དེར་ཡུ་རོབ་ཀྱི་མི་སེར་སྤེལ་མཁན་ཚོས་དབང་སྒྱུར་བྱས་པའི་དུས་སུའང་མི་སེར་སྤེལ་མཁན་གྱི་གཞུང་འབྲེལ་མི་སྣའི་གྲས་སུ་ནང་ཆོས་ལ་དགའ་མོས་ཡོད་མཁན་རེ་ཟུང་ཡོད། ཁོ་ཚོས་ནང་པའི་ཚོགས་པ་ཆུང་ཆུང་འགའ་བཙུགས་པའི་ལོ་རྒྱུས་འདུག་ཀྱང་གླིང་ཆེན་དེའི་རྒྱལ་ཁབ་ཁག་ལ་རང་བཙན་ཐོབ་རྗེས་སུ་མི་སེར་སྤེལ་མཁན་གྱིས་བཙུགས་པའི་ནང་པའི་ཚོགས་པ་ཁག་རྒྱུན་འཛིན་བྱེད་མཁན་མེད་པ་གྱུར།

དེང་གི་སྐབས་སུ་ཐེ་ཝན་དང་རྒྱ་ནག ཝི་ཏི་ནམ་སོགས་ནས་ཡོང་བའི་མི་ཚོས་ནང་པའི་ལྷ་ཁང་བཞེང་མཁན་མང་པོ་འདུག གཙུག་ལག་སློབ་དཔོན་ཇཱོན་སན་གྱིས་མུ་མཐུད་དུ་བརྗོད་དོན། “ད་ལྟ་འདིར་ཕྱི་ལོགས་ནས་ཡོང་གི་ཡོད་པའི་ཚོགས་པ་ཁག་ཐེ་ཝན་དང་རྒྱ་ནག་སོགས་ནས་རེད། ཁོང་ཚོས་སུས་ལྷ་ཁང་རྫིག་ཤོས་བཞེང་ཐུབ་ཀྱི་ཡོད་པར་འགྲན་སྡུར་བྱེད་བཞིན་འདུག འདི་ལ་ཕྱི་རྒྱལ་གྱི་མ་དངུལ་བཏང་ནས་སྟངས་འཛིན་བྱེད་བཞིན་འདུག ད་ལྟའི་ཆར་ཁོ་ཚོས་ཆོས་སྤེལ་ཐབས་སུ་རྩོལ་སྒྲུབ་བྱེད་ཀྱི་ཡོད་པའི་རྣམ་པ་མི་འདུག” ད་ལྟའི་ཆར་ཨ་ཧྥི་རི་ཀའི་གླིང་ཆེན་ཡོངས་སུ་ནང་པ་མི་གྲངས་ཉིས་འབུམ་ལྔ་ཁྲི་དྲུག་སྟོང་ཡས་མས་ཤིག་ལས་མེད་ཅིང་། ཟླ་བ་རྗེས་མར་༧གོང་ས་ཏླ་ལའི་བླ་མ་མཆོག་ཕེབས་ཡུལ་བྷོ་ཚི་ཝ་ན་རྒྱལ་ཁབ་ལ་ནང་པ་ཆིག་སྟོང་བརྒྱ་དང་ཉི་ཤུ་ཡས་མས་ཤིག་ཡོད་པ་དེས་རྒྱལ་ཁབ་དེའི་སྤྱིའི་མི་འབོར་གྱི་རྒྱ་ཆ་གཉིས་ཙམ་ཟིན་ནོ། །

XS
SM
MD
LG