ངོ་འཕྲད་བདེ་བའི་དྲ་འབྲེལ།


༄༅།། ཉེ་དུས་རྒྱ་ནག་གིས་བོད་དང་འབྲས་ལྗོངས། འབྲུག་ཡུལ་བཅས་ཀྱི་ས་མཚམས་སུ་ཆགས་པའི་འབྲོག་ལམ་ས་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་བྱས་ནས་བཟུང་། འབྲུག་པའི་རྒྱབ་རྩར་རྒྱ་གར་ལངས་ནས་རྒྱ་ནག་ལ་འབྲོག་ལམ་ས་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་བྱེད་མི་ཆོག རྒྱ་ནག་གི་དམག་རྣམས་འབྲོག་ལམ་ས་ཁུལ་ནས་ཕྱིར་འཐེན་བྱ་དགོས། འབྲོག་ལམ་ས་ཁུལ་ཧྲིལ་བོ་འབྲུག་པའི་མངའ་ཁོངས་ཡིན་ཞེས་ངོ་རྒོལ་བྱས་ནས་རྩོད་པ་བརྒྱབ་ཅིང་། དེར་བརྟེན་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ཐུག་གྲབས་ཐེངས་འགའ་ཞིག་བྱུང་སྟེ། རྒྱ་ནག་གི་མི་དམངས་བཅིངས་འགྲོལ་དམག་གི་མེ་སྒྱོགས་རུ་ཁག་དང་ལྕགས་འཁྲབ་འཁོར་ལོའི་རུ་ཁག སྐམ་དམག་དང་གནམ་དམག་བཅས་ཀྱིས་རྒྱ་གར་དམིགས་འབེན་དུ་བཟུང་ནས་བོད་ཀྱི་མཐོ་སྒང་དུ་དམག་སྦྱོང་ཆེན་པོ་ཞིག་བྱས་ཡོད། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་གསལ་བསྒྲགས་སྤེལ་དོན། ལྡི་ལི་གསར་པས་རྒྱ་དཀར་ནག་གི་མཐའ་མཚམས་ཀྱི་རྩོད་གཞི་ཆེ་རུ་མི་གཏོང་བའི་རེ་བ་ཡོད། རྒྱ་ནག་གིས་རྩོད་གཞི་ཅན་གྱི་ས་མཚམས་ཁག་ཏུ་དམག་སྦྱོང་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་སྟོབས་ཤུགས་དང་དཔའ་སྟོབས་ལ་རྒྱ་གར་རྩིས་ལོག་མ་ཐེབས་བ་དགེ་མཚན་ཆེ། ང་ཚོས་ཐབས་ཇུས་སྟོང་གི་སྒོ་ནས་རྒྱ་ནག་གི་མངའ་ཁོངས་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱ་ནག་གིས་འབྲོག་ལམ་ས་ཁུལ་དུ་རྒྱ་ལམ་འཛུགས་སྐྲུན་བྱས་པ་འོས་ཤིང་འཚམས་པ་དང་ཁྲིམས་མཐུན་ཡིན། དེ་ལས་ལྡོག་སྟེ་རྒྱ་གར་གྱིས་རྒྱལ་སྤྱིའི་ཁྲིམས་ལ་འགལ་འཛོལ། རྒྱ་ནག་གི་བདག་དབང་ལ་བརྩི་མེད་བཏང་ནས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་དམག་བཀྲམ་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས། རྒྱ་དཀར་ནག་གི་ས་མཚམས་ཁག་ལ་ཞི་བདེ་བརྟན་ལྷིང་ཡོང་ཐུབ་རྒྱུ་ཡིན་མིན་གྱི་སྔོན་འགྲོའི་ཆ་རྐྱེན་ནི་རྒྱ་གར་གྱི་དམག་རྣམས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་མིན་ལ་ཐུག་ཡོད་ཅེས་ཉེན་བརྡ་བཏང་འདུག སྲིད་དོན་ཉམས་ཞིབ་པ་ཚོས་བརྗོད་དོན། ད་ལོའི་ཕྱི་ཟླ་༨་ཚེས་༡་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་༩༠་ཐམ་པ་འཁོར་པའི་དུས་དྲན་ཡིན།

དེ་རིང་ཕྱི་ཚེས་༢༤་ཉིན་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་གསར་འགོད་གསལ་བསྒྲགས་དེ་འདྲ་ཞིག་སྤེལ་པར་གོ་དོན་གཙོ་བོ་གཉིས་ཡོད། གཅིག་ནས་རྒྱ་ནག་གིས་འབྲོག་ལམ་ས་ཁུལ་གྱི་རྩོད་གཞི་བརྒྱུད་ནས་རྒྱ་གར་ལ་སྡིགས་ར་བསྐུལ་པ་དང་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ། གཉིས་ནས་རྒྱལ་སྤྱིའི་ཐོག་ཏུ་མངའ་ཁོངས་ལ་ཐུག་ན་རྒྱ་ནག་གིས་ས་ཆ་སེན་མོ་ཙམ་ཡང་བློས་གཏོང་རྒྱུ་མིན་པ་དང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་ཕྱོགས་གང་ཐད་དུ་སྟོབས་ཤུགས་རྒྱས། རྒྱ་ནག་གི་དམག་གི་སྟོབས་ཤུགས་ལ་དཔལ་འབྱོར་གྱི་རྒྱབ་རྩ་བརྟན་པོ་ཡོད་པ་སྟོན་ཐབས་བྱེད་ཀྱིན་འདུག དཔེར་ན་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་ང་ཚོས་རྒྱ་གར་ཕྱོགས་ནས་གླགས་འཚོལ་མི་བྱེད་པ་དང་། རྒྱ་ནག་གི་ཆོད་སེམས་ལ་རྩིས་ལོག་མ་ཐེབས་པ་བྱ་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན། འདས་པའི་༩༠་རིང་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་རང་གི་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་པའི་སྟོབས་འབྱོར་གཉིས་ཀ་ལྡན་ཡོད་ཟེར་པ་རྒྱ་གར་གཅིག་པུར་གོ་རྒྱུ་བཏང་བ་མིན་ཞེས་བཤད་མོད། འོན་ཀྱང་རྒྱ་གར་གཞུང་གིས་ཀྱང་འབྲས་ལྗོངས་དང་འབྲུག་གི་མཐའ་མཚམས་ཁག་ཏུ་དམག་བཀྲམ། དེང་སྐབས་རྒྱ་དཀར་གཉིས་དང་འབྲུག་པ་བཅས་ཀྱིས་བདག་རྩོད་བྱེད་བཞིན་པའི་ས་ཁུལ་དེར་སྲུང་སྐྱོབ་ཀྱི་མཐུན་རྐྱེན་བསྐྲུན། མཐའ་མཚམས་ཀྱི་འགག་རྩའི་ས་གནས་ཁག་ཏུ་རྒྱ་གར་གྱི་དམག་ལ་མཁོ་བའི་བཙན་རྫོང་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་སྟེ། རྒྱ་གར་གྱི་རུ་དཔོན་ཞིག་གིས་གསར་འགོད་པར་ང་ཚོར་འཁྲུག་རྩོད་སློང་མི་ཆོག་པ་དང་ས་མཚམས་ཀྱི་ཛ་དྲག་ཆེ་རུ་གཏོང་མི་ཆོག ཡིན་ནའང་རྒྱ་ནག་གིས་ཚུར་རྒོལ་བྱས་ནས་འཁྲུག་རྩོད་བསླངས་ན་རྒོལ་ལན་ཚུལ་སློག་ཆོག་ཅེས་བཀའ་གསལ་བོ་བཏང་སོང་ཞེས་བཤད། རྒྱ་གར་གཞུང་གིས་འབྲས་ལྗོངས་ཀྱི་ས་མཚམས་སུ་དམིགས་བསལ་གྱི་སྦྱོང་བརྡར་ཐོབ་པའི་དམག་དཔུང་འགྲེམ་འཇོག་བྱས་ཡོད་པ་གསང་བ་བྱེད་ཀྱི་ཡོད་པ་མ་ཟད། གསར་འགོད་པ་དང་མི་མང་དཀྱུས་མ་རྣམས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་བསྐྱོད་བྱེད་མི་ཆོག་པའི་བཀག་འགོག་བྱེད་ཡོད་པ་དང་། རྒྱ་གར་གྱི་འཇིགས་སྣ་གཙོ་བོ་བོད་ཀྱི་འབྲོག་ལམ་ས་ཁུལ་ཡོངས་སུ་རྒྱ་ནག་གི་དམག་བཀྲམ་སྟེ། རྒྱ་གར་དང་འབྲུག་ཡུལ་གང་རུང་ལ་བཙན་འཛུལ་བྱ་སྲིད་པའི་དོགས་པ་མིན་ཞིང་། རྒྱ་གར་གྱི་ཤི་རི་གུ་རིའི་མཐའ་མཚམས་ཀྱི་འགག་འཕྲང་དོག་མོ་སྟེ། བལ་ཡུལ་དང་འབྲུག་ཡུལ། བྷང་ག་ལ་བཅས་བར་དུ་རྒྱ་གར་ལ་ཁྱིམ་བྱའི་སྐེ་ལྟ་བུའི་ཤུར་ལམ་དོག་མོ་ཞིག་ཡོད་པ་རྒྱ་ནག་གིས་བཀག་ཚེ། རྒྱ་གར་ཤར་ཕྱོགས་ཀྱི་ཨ་རུ་ན་ཅལ་དང་ཨ་སམ། མེ་གྷ་ལ་ཡ་དང་མི་ཛོ་རམ། མ་ཎི་པུར་བཅས་མངའ་སྡེ་ཁག་ལྔ་དང་རྒྱ་གར་གྱི་སྐམ་སའི་བར་གྱི་འབྲེལ་མཚམས་ཆད་རྒྱུ་དང་། ཐ་ན་རྒྱ་ནག་གིས་ངན་སྐུལ་བྱས་ནས་རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་ལྟ་བུའི་མངའ་སྡེ་ཁག་ཅིག་རང་བཙན་བྱེད་དུ་འཇུག་པའམ། ཡང་ན་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་དེ་དག་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་སྲིད། ལྷག་པར་དུ་ཤི་རི་གུ་རིའི་འགག་འཕྲང་དོག་མོ་རྒྱ་ནག་ལ་ཤོར་ན་རྒྱ་གར་དང་འབྲུག་ཡུལ་གྱི་འགྲོ་ལམ་འགགས་ཏེ་འབྲུག་ཡུལ་ལ་རྒྱ་གར་གྱིས་སྲུང་སྐྱོབ་བྱ་དཀའ། ཟླ་བ་སྔོན་མར་རྒྱ་ནག་གི་དམག་གིས་ས་མཚམས་བརྒལ་ནས་རྒྱ་གར་གྱི་ས་ཐོག་ཏུ་འཛུལ། རྒྱ་གར་གྱི་དམག་ལ་བཙན་རྫོང་རྙིང་པ་ཡོད་པའི་ཁག་ཅིག་རྒྱ་ནག་གིས་དམག་གིས་བཤིག རྒྱ་གར་གྱི་རུ་དཔོན་དེས་ང་ཚོས་རང་གི་མཐའ་མཚམས་སྲུང་དམག་ལ་མེ་མདའ་མ་རྒྱག་ཅེས་འགོག་ཐུབ་རྒྱུ་ཁག་ཙམ་བྱུང་སོང་། ཡིན་ནའང་ང་ཚོའི་མི་གཅིག་གིས་ཀྱང་མེ་མདའ་བརྒྱབ་མེད། མཐར་ང་ཚོས་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ཚོར་ཕུལ་རྒྱག་བརྒྱབ་ནས་ས་ཐིག་གི་ཕར་ཕྱོགས་སུ་དེད་པ་ཡིན། རྒྱ་གར་གྱི་དམག་གིས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་སྲུང་སྐྱོབ་བྱ་ཐུབ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན། གལ་སྲིད་ང་ཚོས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་སྲུང་སྐྱོབ་བྱ་མ་ཐུབ་ན་ཤི་རི་གུ་རིའི་འགག་འཕྲང་དོག་མོ་རྒྱ་ནག་ལ་འཆོར་སྲིད། རྒྱ་ནག་གིས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་ཁག་ལ་རྒྱ་ལམ་འཛུགས་སྐྲོན་བྱེད་ཀྱི་ཡོད་པ་རྒྱ་གར་གྱི་དམག་གིས་འགོག་ངེས་ཡིན། རྒྱ་ནག་ལ་སྐྱེལ་འདྲེན་གྱི་རྒྱ་ལམ་མེད་པར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མདུན་སྐྱོད་བྱ་ཐུབ་རྒྱུ་ཁག་པོ་ཡིན་ཞེས་བཤད། རྒྱ་གར་དང་འབྲུག་ཡུལ་གཉིས་ཀྱིས་ཆིངས་ཡིག་བཞག་སྟེ་འབྲུག་ཡུལ་ལ་རྒྱལ་ཁབ་གཞན་གྱིས་བཙན་འཛུལ་བྱས་ན་རྒྱ་གར་གྱིས་འབྲུག་ཡུལ་ལ་སྲུང་སྐྱོབ་བྱ་རྒྱུའི་མིང་རྟགས་བཀོད། རྒྱ་ནག་གིས་འབྲོག་ལམ་ས་ཁུལ་གྱི་མཐའ་མཚམས་རྩོད་གཞི་འབྲུག་ཡུལ་དང་རྒྱ་ནག་གི་ས་མཚམས་རྩོད་གཞི་ཞིག་ཡིན་རུང་། རྒྱ་གར་ལྐོག་ཏུ་འཛུལ་ནས་རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་ཞིག་ཏུ་གྱུར་ཡོད་པ་དང་། རྒྱ་གར་འབྲུག་པའི་རྒྱབ་ལོགས་སུ་ལངས་ཡོད་པ་དེར་རྒྱ་ནག་མ་དགའ་བར་རྒྱ་གར་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་བྱེད་ཀྱི་འདུག་ཅེས་ཉམས་ཞིབ་པ་ཁག་ཅིག་གིས་གླེང་ངོ་། །

XS
SM
MD
LG