ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨི་ཇེབ་གཞུང་གིས་ཡུ་གུར་པ་༢༢་རྒྱ་ནག་ལ་ཕྱིར་སློག


དེང་སྐབས་ཞིན་ཅང་གི་ཡུ་གུར་པ་ཁག་ཅིག་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་ཇེབ་ལ་སོང་སྟེ། ཁོ་ཚོས་ཨི་ཇེབ་ཀྱི་ཁ་ཆེའི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད་ཅིང་། ཨི་ཇེབ་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་༢༢་བཀག་ཉར་བྱས་ནས་ཁ་སང་གཟའ་ཕུར་བུའི་ཉིན་ཨི་ཇེབ་ཀྱི་མཁའ་ལམ་ལས་ཁང་གིས་ཡུ་གུར་པ་དེ་རྣམས་སྔ་རྗེས་སུ་གནམ་གྲུའི་ནང་དུ་བཞག་སྟེ་རྒྱ་ནག་ལ་ཕྱིར་སློག་བྱས་འདུག ཨི་ཇེབ་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་དེ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱས་དོན་ཅི་ཡིན་དང་། ཐོག་མར་ཡུ་གུར་པ་དེ་རྣམས་ཨི་ཇེབ་ལ་སློབ་གཉེར་བྱེད་དུ་ཇི་ལྟར་ཡོང་ཡོད་མེད་སོགས་ཀྱི་འགྲེལ་བཤད་གང་ཡང་བརྒྱབ་མེད་རུང་། ཨི་ཇེབ་ཀྱི་མཁའ་ལམ་ལས་ཁང་གི་འབྲེལ་ཡོད་ལས་སྣེ་ཚོས་ཞིན་ཅང་གི་ཡུ་གུར་པ་ཁག་ཅིག་རྒྱ་ནག་ལ་ཕྱིར་སློག་བྱས་པ་ཡིན་ཞེས་གསར་འགོད་པར་ངེས་གཏན་བྱས་པ་དང་། ནུར་མོཧ་མེཏ་ཞེས་པའི་ཞིང་ཅན་གི་ཡུ་གུར་པའི་སློབ་ཕྲུག་ཅིག་གིས་ཎིའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ཁོ་པའི་རོགས་པ་ཚོས་ཨི་ཇེབ་ཀྱི་རྒྱལ་ས་ཁེ་རོ་གྲོང་ཁྱེར་དུ་ཆགས་པའི་ཨལ་ཨ་ཟར་ལྷ་ཁང་ཆེན་མོ་དང་སློབ་ཆེན་གཅིག་ལྕོགས་ཀྱི་ནང་དུ་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་བདུན་ཕྲག་མང་པོར་ཨི་ཇེབ་གཞུང་གིས་འཛིན་བཟུང་བྱ་སྲིད་ཅེས་འཇིགས་སྣང་བྱས་སོང་། གང་ལ་ཞེ་ན་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཁ་ཆེའི་སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་བཞིན་པའི་ཡུལ་གུར་པ་རྣམས་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་བཀག་བཏང་སྟེ། ཁོ་ཚོ་རྒྱ་ནག་ལ་ཕྱིར་ལོག་མ་བྱས་ན་ཨི་ཇེབ་གཞུང་གིས་འཛིན་བཟུང་བྱ་རྒྱུ་དང་། རང་ཡུལ་ལ་ཕྱིར་ལོག་བྱས་ན་རྒྱ་ནག་གཞུང་གིས་བཙོན་འཇུག་བྱ་རྒྱུ་ཉག་ཅིག་ཡིན། ང་ཚོར་གདམ་ཀ་ཅི་ཡང་མི་འདུག་ཅེས་སྡུག་སྐད་རྒྱག་གི་ཡོད་པའི་འགྲེལ་བཤད་བརྒྱབ་བཤད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG