ངོ་འཕྲད་བདེ་བའི་དྲ་འབྲེལ།

༡༩༤༡་ལོར་ཉི་ཧོང་གི་གནམ་དམག་གིས་གློ་བུར་དུ་མུ་ཏིག་གྲུ་ཁའི་ཨ་རིའི་མཚོ་དམག་གི་རྟེན་གཞི་ལ་གཏོར་རྒོལ་བྱས་ཏེ། ཨ་མི་རི་ཀའི་མཚོ་དམག་དང་དམག་དོན་མི་སྣ་༢༤༠༠་ལྷག་ལ་སྲོག་སྐྱོན་བྱུང་ཡོད་ཅིང་། དེ་ནས་ཨ་མི་རི་ཀས་ཉི་ཧོང་ལ་རྒོལ་ལན་སློག་པར་འཛམ་གླིང་ཆེན་གཉིས་པར་དངོས་སུ་ཞུགས་པ་དང་། ད་ལྟ་ལོ་འཁོར་ཧྲིལ་བོ་༧༥་རིམ་བཞིན་འདས་ཟིན། གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེ་གཉིས་མུ་ཏིག་གྲུ་ཁར་མཉམ་དུ་ཕེབས་ནས་དམག་འཁྲུག་གི་གདུག་རྩུབ་ལ་དྲན་གསོ། ཉི་ཧོང་གིས་གཏོར་རྒོལ་འོག་ཏུ་ཚེ་སྲོག་ཤོར་པའི་ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ལ་མྱ་ངན། མཚོ་ནང་དུ་ཐིམ་པའི་ཨ་མི་རི་ཀའི་ཨ་རི་ཛོ་ཎ་དམག་གྲུ་ཆེན་མོའི་དྲན་རྟེན་ཁང་དུ་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་། ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེས་ངས་ལྷག་བསམ་རྣམ་དག་གི་སྒོ་ནས་ཚེ་སྲོག་ཤོར་པའི་ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་དང་། ང་ཚོས་མུ་ཏིག་གྲུ་ཁར་གཏོར་རྒོལ་བྱས་པ་དེ་ནས་བཟུང་སྟེ་ཉི་ཧོང་གིས་གཏན་ནས་དམག་འཁྲུག་གི་གདུག་རྩུབ་བསྐྱར་སློང་བྱས་མེད། འདི་ནི་དམག་འཁྲུག་གི་གདུག་རྩུབ་ནམ་ཡང་བསྐྱར་སློང་བྱ་རྒྱུ་མིན་ཞེས་ཉི་ཧོང་གཞུང་དམངས་གཉིས་ཀྱིས་བཞག་པའི་ཡུན་བརྟན་གྱི་དམ་བཅའ་ཡིན། ངས་མུ་ཏིག་གྲུ་ཁ་འདིར་ཚེ་སྲོག་ཤོར་པའི་ཨ་མི་རི་ཀའི་དམག་ཞབས་འདས་པོ་རྣམས་དང་ཨ་མི་རི་ཀ་རྒྱལ་ཁབ། ཨ་རིའི་མི་དམངས་དང་འཛམ་གླིང་མི་དམངས་བཅས་ལ་ཉི་ཧོང་གིས་བཞག་པའི་དམ་བཅའ་དེ་ཉིད་བསྐྱར་ཟློས་བྱ་རྒྱུ་ཡིན་ཞེས་བཤད་མོད། ཡིན་ནའང་སྲིད་བློན་ཨ་བྷེས་ཉི་ཧོང་གིས་ཨ་མི་རི་ཀར་གཏོར་རྒོལ་བྱས་པར་བཟོད་གསོལ་ཞུས་མེད་པ་དང་། ཉི་ཧོང་གི་སྲིད་བློན་ཞིག་ཨ་མི་རི་ཀའི་མུ་ཏིག་གྲུ་ཁར་ཕེབས་ནས་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་བསྟན་པར་སྲིད་འཛིན་ཨོ་བྷ་མ་བློ་ཁ་ཚིམས་ཡོད་པ་རེད།།

XS
SM
MD
LG