ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་བྷ་མས་ཧི་ལ་རི་ཁེ་ལིན་ཊོན་ལ་རྒྱབ་སྐྱོར་བྱ་འོས་པའི་སྒྲུབ་བྱེད་བཀོད་པ།


བདུན་ཕྲག་འདིར་ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཚོགས་ཡོད་པ་དང་། གཟའ་ལྷག་པའི་དགོང་མོར་དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་སྟེ། ཝྭིར་ཇི་ཎི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཊིམ་ཁེན་གྱིས་རང་ཉིད་དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་འདེམས་བསྐོ་བྱས་པར་དང་ལེན་གྱི་གཏམ་བཤད་བྱས་ཡོད་ཅིང་། ཁོང་གིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལ་རི་ཁེ་ལིན་ཊོན་ལ་རྒྱལ་ཁབ་སྐྱོང་འཛིན་སྐྱོང་དང་ཕྱི་འབྲེལ། འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་པ་སོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། ང་དང་ཧི་ལ་རི་ཁེ་ལིན་ཊོན་གཉིས་ལ་ཨ་མི་རི་ཀའི་སྲིད་འཛིན་གཙོ་གཞོན་གཉིས་ཀྱི་འོས་ཆོས་ཚང་ཡོད། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་ཁོ་པར་ཡིད་ཆེས་བྱས་ན་ལས་དོན་འགྲུབ་ཅེས་ཁ་སྟོང་པས་ཁས་ལེན་བྱས་པ་ཙམ་ལས། ཁོ་པར་རྒྱལ་ཁབ་འཛིན་སྐྱོང་དང་ཕྱི་འབྲེལ་སོགས་ཀྱི་ཉམས་མྱོང་གང་ཡང་མེད་ཅེས་བཤད། ང་ཚོའི་རླབས་ཆེན་གྱི་རྒྱལ་ཁབ་འདི་ཁ་སྟོང་པས་ཁས་ལེན་བྱེད་མཁན་ཞིག་དང་། རང་དོན་ཁོག་བཅུག་གི་མི་ཞིག་གི་ལག་པར་གཏན་ནས་རྩིས་སྤྲོད་བྱ་འོས་པ་ཞིག་མིན། །

དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཊིམ་ཁེན་གྱིས་རང་དང་སྲིད་འཛིན་ཧི་ལ་རི་ཁེ་ལིན་ཊོན་གཉིས་ཀྱིས་ཨ་མི་རི་ཀའི་ཁ་ཆེ་ཚོར་འབྲེལ་བ་ཡག་ཏུ་བཏང་སྟེ། ཁོ་ཚོས་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱ་རྒྱུ་དང་། དེང་སྐབས་ཨ་མི་རི་ཀར་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་ལཱ་ཊིན་བ་ས་ཡ་འགའ་ཞིག་ཡོད་པ་རྣམས་རིམ་བཞིན་ཨ་མི་རི་ཀའི་སྤྱི་དམངས་ལ་བསྒྱུར་རྒྱུ། ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་སྔར་ལས་འབྲེལ་བ་ཡག་ཏུ་བཏང་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལྟ་བུའི་བཙན་དྲག་ལ་འཐབ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད་པ་མ་ཟད། དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་སྲིད་འཛིན་གཞོན་པ་ལས་ཐོག་འཇོ་བྷ་ཊན་གྱི་ལྷག་བསམ་དང་མཛད་རྗེས། ཁོང་གིས་འདས་པའི་ལོ་བརྒྱད་ལ་སྲིད་འཛིན་ཨོ་བྷ་མའི་མཉམ་དུ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པར་རྗེས་སུ་ཡི་རངས་ཞུས་པ་དང་། སྲིད་འཛིན་གཞོན་པ་འཇོ་བྷ་ཌན་གྱིས་ཀྱང་ལོ་འདིའི་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་ཧི་ལ་རི་ཁེ་ལིན་ཊོན་དང་ཊིམ་ཁེན་གཉིས་ལ་ངེས་པར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་དགོས། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱི་ཀུན་སློང་ངན་པ་དང་འཇོན་ཐང་མེད་པ། ཁོ་པར་འཛིན་སྐྱོང་གི་ཉམས་མྱོང་མེད་པ་རྣམས་ངོས་ཟིན་དགོས་ཞེས་བཤད་ཡོད་པ་རེད།

ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་བ་ཚོར་འཐེན་འཁྱེར་བསླངས་པ་དང་འཛམ་གླིང་ཡོངས་ལ་དཀྲུགས་ཤིང་འཕེན་པ། ཁོ་པས་གླེན་རྟགས་དང་སྟོབས་ཤུགས་ཀྱི་ཁྱད་པར་མི་ཤེས། ང་ཚོ་ཨ་མི་རི་ཀ་བ་ཡིན་པའི་ཆ་ནས་མི་དེ་འདྲ་ཞིག་ནམ་ཡང་སྲིད་འཛིན་ལ་འདེམས་བསྐོ་བྱ་ཐུབ་ཐབས་མེད།།

དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་གྱི་ཉིན་གསུམ་པའི་ཚོགས་མཇུག་དེར་སྲིད་འཛིན་ཨོ་བྷ་མས་གཏམ་བཤད་བྱས་ཏེ། ཁོང་གིས་ཧི་ལ་རི་ཁེ་ལིན་ཊོན་ལ་ལོ་མང་རིང་ཨ་མི་རི་ཀའི་སྤྱི་ཚོགས་ཀྱི་རིམ་པ་གང་སར་མང་ཚོགས་ཀྱི་ཕན་བདེ་བསྒྲུབས་པའི་གྲུབ་འབྲས་དང་ཉམས་མྱོང་། འཇོན་ཐང་རྣམས་སྟོན་རྒྱུ་ཡོད་ཅེས་བསྔགས་བརྗོད་བྱས་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལ་གཏོར་བརླག་བྱེད་ཀྱི་ཡོད། ཁོ་པ་འགན་འཁྲི་མི་ལེན་པའི་མི་ཉེན་ཀ་ཅན་ཞིག་ཡིན། དེར་བརྟེན་ཌོ་ནལ་ཊམ་ནམ་ཡང་ཨ་མི་རི་ཀའི་སྲིད་འཛིན་ལ་འོས་འདེམས་བྱ་མི་རུང་ཞེས་ནན་བརྗོད་བྱས་འདུག

ཁོ་པས་ཁ་སྟོང་པའི་འུར་སྒྲོགས་དང་མི་མང་ལ་འཇིགས་སྣང་སྐུལ་བ། ཌོ་ནལ་ཊམ་གྱིས་མི་ལ་འཇིགས་སྣང་ཆེན་པོ་བསླངས་ན་རང་ལ་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་རྒྱུའི་རེ་བ་འཆང་ཡོད། ཡིན་ནའང་ཁོ་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་མིན་པ་ཁག་ཐེག་བྱ་ཆོག ཁོ་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་མིན་པའི་རྒྱུ་མཚན་ནི་ཨ་མི་རི་ཀའི་མི་དམངས་ལ་འུར་སྒྲོགས་ཁོ་ན་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་ཡིན།།

དེ་རིང་གཟའ་ཕུར་བུའི་དགོང་མོར་ཧི་ལ་རི་ཁེ་ལིན་ཊོན་གྱིས་རང་ཉིད་དངོས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་བསྐོ་བྱས་པར་དང་ལེན་གྱི་གཏམ་བཤད་བྱ་དགོས་པ་དང་། དོ་དགོང་གི་གཏམ་བཤད་ནང་དུ་དམངས་གཙོ་ཚོགས་པའི་སྲིད་འཛིན་གཙོ་གཞོན་གྱི་འོས་མི་གཉིས་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཚེ། ཁོང་ཚོས་མ་འོངས་པའི་ལོ་བཞིའི་རིང་ལ་ཨ་མི་རི་ཀའི་རྒྱལ་སྲུང་དང་ཕྱི་འབྲེལ། དཔལ་འབྱོར་དང་ཚོང་ལས། རྒྱལ་ཁབ་འཛིན་སྐྱོང་དང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ། ཨ་མི་རི་ཀར་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ས་ཡ་འགའ་ཞིག་ཡོད་པ་དེ་དག་གི་གནས་སྟངས་དང་། ཨ་མི་རི་ཀའི་ཁ་ཆེ་དང་མི་རིགས་ནག་པོ། དེ་མིན་གྱི་གྲངས་ཉུང་མི་རིགས་ཁག་གི་བདེ་སྡུག་ལ་ལྟ་སྐྱོང་ཇི་ལྟར་བྱ་རྒྱུ་ཡིན་མིན། ཨ་མི་རི་ཀའི་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་ཇི་ལྟར་འཛིན་རྒྱུ་ཡིན་མིན་གྱི་འཆར་གཞི་རྣམས་རྒྱས་ཤིང་རྒྱས་པ་འགྲེལ་བཤད་རྒྱག་སྲིད།།

XS
SM
MD
LG