ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་དུ་བྱུང་བའི་ས་ཡོམ་གྱིས་རྐྱེན་པས་བོད་ཀྱི་ས་ཁུལ་ཁག་ལ་གནོད་འཚེ་ཕོག་མེད་ཟེར།


གཟའ་ཟླ་བའི་ཉིན་རྒྱ་གར་དུ་བྱུང་བའི་ས་ཡོམ་དེ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཚོར་ཡོད་ཀྱང་ད་ལྟའི་ཆར་འཆི་རྨས་བྱུང་བའི་གནས་ཚུལ་ཐོན་མེད་ཅེས་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ཡོད།།

རྒྱ་གར་གྱི་མངའ་སྡེ་Assam གྱི་ཁོངས་སུ་གཏོགས་པའི་གྲོང་གསེབ་ཀྱི་ས་ཁུལ་ཞིག་སྟེ། བྷང་གྷ་ལ་ཌེ་ཞི་དང་འབར་མའི་རྒྱལ་མཚམས་དང་ཐག་ཉེ་ས་རུ་ཕྱི་ཟླ་དང་པོའི་ཚེས་༤་ཉིན་འགུལ་ཤུགས་དྲུག་དང་ཚེགས་བདུན་ཅན་གྱི་ས་ཡོམ་བརྒྱབ་སྟེ་ཉུང་མཐར་ཡང་མི་དགུ་ལ་ཚེ་སྲོག་སྐྱོན་དང་མང་པོ་ཞིག་ལ་རྨས་སྐྱོན་བྱུང་ཡོད་པ་རེད།།

ས་ཡོམ་དེ་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གཏོགས་པ་ཉིང་ཁྲི་དང་། ལྷོ་ཁ། ཆབ་མདོ། ད་དུང་བོད་ཀྱི་རྒྱལ་ས་ལྷ་ས་བཅས་སུའང་ས་ཡོམ་གྱི་གཡོ་འགུལ་བྱུང་ཡོད་པ་དང་། གྲོང་ཁྱེར་ལྷ་སའི་ནང་གི་སྡོད་ཁང་མང་པོ་ཞིག་ས་ཡོམ་གྱིས་རྐྱེན་གྱི་གཉིད་དཀྲོགས་པའི་གནས་ཚུལ་བཀོད་ཡོད།། ཞིན་ཧྭ་གསར་འགྱུར་ཁང་གིས་ས་ཡོམ་དེ་ནི་གཟའ་ཟླ་བའི་ཉིན་གྱི་པེ་ཅིང་དུས་ཚོད་དང་བསྟུན་ན་ཞོགས་པའི་ཆུ་ཚོད་༧་དང་སྐར་མ་ལྔའི་སྟེང་བྱུང་ཡོད་པ་དང་། འགུལ་ཤུགས་ནི་དྲུག་དང་ཚེགས་ལྔ་རེད་ཟེར།།

ས་ཡོམ་གྱི་ལྟེ་གནས་དང་ཐག་ཉེ་སའི་ཉིང་ཁྲི་ས་ཁུལ་གྱི་མེ་ཏོག་རྫོང་གི་འགོ་ཁྲིད་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་ལ་བརྗོད་པ་ལྟར་ན། ས་ཁུལ་དེ་རུ་ས་ཡོམ་ཤུགས་ཆེན་པོ་ཚོར་བའི་རྐྱེན་གྱིས་ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མི་སྣ་ལ་བཀའ་ཁྱབ་བསྒྲགས་ཏེ་གྲོང་གསེབ་ཁག་ཏུ་མི་རྒྱུ་སྲོག་གསུམ་ལ་གནོད་འཚེ་ཕོག་ཡོད་མེད་ཀྱི་རྟོག་ཞིབ་བྱེད་བཞིན་པ་དང་། ད་ལྟའི་ཆར་ས་ཡོམ་དེ་ལ་བརྟེན་ནས་ཚེ་སྲོག་ཤོར་བའི་གནས་ཚུལ་གང་ཡང་མེད་ཟེར།།

XS
SM
MD
LG