ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གིས་རྒྱ་རིགས་རྩོམ་པ་པོ་ཞིག་ཕྱི་རྒྱལ་ལ་བསྐྱོད་མི་ཆོག་པའི་དམ་དྲག་བྱས་ཡོད་པ།


རྒྱ་ནག་གཞུང་གིས་རྒྱ་རིགས་རྩོམ་པ་པོ་དང་ལོ་རྒྱུས་སྨྲ་བ་སྐུ་ཞབས་ལྦང་ལི་ཞུང་ཕྱིའི་རྒྱལ་ཁབ་ལ་བསྐྱོད་པ་ཡིན་ན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཚབས་ཡོད་ལུགས་འགྲེལ་བརྗོད་བྱས་ཏེ་ཁོང་རྒྱལ་ཁབ་གཞན་ལ་བསྐྱོད་རྒྱུར་དམ་དྲག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་། ལོ་ན་༦༢ ཡིན་པའི་སྐུ་ཞབས་ལྦང་རྒྱལ་ས་པི་ཅིང་གི་རྒྱལ་སྤྱིའི་གནམ་ཐང་ནས་ཉེ་ཧོང་ཕྱོགས་ལ་འཕུར་གྲབས་བྱེད་པའི་སྐབས་སུ་ རྒྱ་གཞུང་ཉེན་རྟོག་པས་ཁོང་གནམ་ཐང་དུ་བཀག་འགོག་བྱས་ཏེ་གནམ་གྲུའི་ནང་བཏང་མེད་ལུགས་ ཁོང་གིས་རེས་གཟའ་མིག་དམར་ཉིན་བདེན་དཔང་གནང་ཡོད་པའི་གནས་ཚུལ་ཐོན་འདུག

ཁོང་གིས་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱེད་དོན་ལ། གནས་ཚུལ་འདི་གསར་འགྱུར་བརྒྱུད་ལམ་ནང་ཐོན་ཟིན་པ་སོང་ཙང་འགྲེལ་བརྗོད་འཕར་མ་བྱེད་དགོས་གང་ཡང་ཆགས་ཀྱི་མེད། འོན་ཏེ། གནས་ཚུལ་འདི་འདྲ་ཞིག་བྱུང་བ་དེ་དངོས་འབྲེལ་རེད་ཅེས་ཁོང་གིས་ནན་བརྗོད་གནང་ཡོད་པ་རེད། ཁོང་གིས་མུ་མཐུད་གསུངས་དོན་ལ། འདས་པའི་རེས་གཟའ་སྤེན་པའི་ཉིན་ ཁོང་ཉེ་ཧོང་རྒྱལ་ས་ཊོཀ་ཡོ་ལ་ཕེབས་རྒྱུའི་འཆར་གཞི་ཡོད་མོད། འོན་ཏེ། རྒྱལ་ནང་བདེ་འཇགས་ཀྱི་གནད་དོན་ལ་བརྙས་འདོགས་བྱས་ཏེ་ཁོང་དུས་ཐོག་ཉེ་ཧོང་ལ་ཕེབས་ཐུབ་མེད་པ་དང། ཁོང་ཚོས་ག་དུས་ཡིན་ཡང་བདེ་འཇགས་ཀྱི་གནད་དོན་དེ་གླེང་གི་ཡོད། རྒྱུ་མཚན་དེ་ནི་གནས་སྟངས་གང་འདྲ་ཞིག་ལ་ཡང་སྦྱར་ཆོག་པ་ཞིག་རེད་ཅེས་སྐུ་ཞབས་ལྦང་ལགས་ཀྱིས་མུ་མཐུད་དེ་གསུངས་འདུག

XS
SM
MD
LG