ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་གཙུག་ལག་སློབ་ཁང་ཞིག་གིས་སྲིད་སྐྱོང་མཆོག་ལ་གཟེངས་རྟགས་ཕུལ་ཡོད་པ།


ཨ་མི་རི་ཀའི་མེ་རི་ལནཊ་མངའ་སྡེ་ནང་རྟེན་གཞི་བྱས་པའི་སེ་ལིས་བྷ་རི་གཙུག་ལག་སློབ་གཉེར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་ལ་སློབ་ཁང་གི་གཟེངས་རྟགས་མཐོ་ཤོས་དེ་ཕུལ་གནང་ཡོད་པ་རེད། དེ་ཡང་། ཟླ་བ་འདིའི་ཕྱི་ཚེས་༡༣ རེས་གཟའ་མིག་དམར་ཉིན། ཨ་རིའི་རྒྱལ་ས་ལྦ་ཤོན་ཊོན་གྱི་ཉེ་འདབས་སུ་ཡོད་པའི་སེ་ལིས་བྷ་རི་གཙུག་ལག་སློབ་གཉེར་ཁང་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གཙུག་ལག་སློབ་གཉེར་ཁང་གི་རྟགས་མ་མཐོ་ཤོས་པིར་སེ་ཊེན་ཤལ་རྟགས་མ་ཞེས་པ་དེ་འབུལ་གནང་ཡོད་པ་དང་། རྟགས་མ་དེ་སྤྱི་ཚོགས་གང་གི་ནང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་དང། འཆར་སྣང་ཅན་གྱི་འགོ་ཁྲིད་ཁག་ལ་འབུལ་སྲོལ་ཡོད་ཅིང་། ཐེངས་འདིའི་པེར་སི་ཌེན་ཤལ་རྟགས་མ་དེ་སེ་ལིས་བྷ་རི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་མཉམ་འཛོམས་ཐོག་ བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་གནང་རྒྱུའི་ཐག་གཅོད་གནང་བ་ཞིག་ཡིན་ཞིང་། སྲིང་སྐྱོང་བློ་བཟང་སེང་གེ་མཆོག་ནི་སློབ་ཁང་གི་འདས་པའི་ལོ་ངོ་༩༠ འབྱུང་རབས་ལོ་རྒྱུས་ཁྲོད་གོང་ཞུས་སྙན་གྲགས་ཅན་གྱི་རྟགས་མ་དེ་ཐོབ་མཁན་མི་སྣ་གཉིས་པ་དེ་ཆགས་ཀྱི་ཡོད་ལུགས་སློབ་གྲྭའི་གཙོ་འཛིན་གྱིས་གསལ་བསྒྲགས་གནང་འདུག གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་སྲིད་སྐྱོང་མཆོག་གིས། རང་ཉིད་སྒེར་ལ་གཟེངས་རྟགས་འདི་འདྲ་ཞིག་འོས་བབས་མེད་ནའང་། རྟགས་མ་འདི་བོད་མི་ཁྱོན་ཡོངས་ཀྱི་ཚབ་བྱས་ཏེ་བཞེས་བཞིན་ཡོད་པ་དང། བོད་ཀྱི་དྲང་བདེན་འཐབ་རྩོད་དང་དཀའ་སྡུག་མྱོང་བཞིན་པའི་བོད་རྒྱ་ཆེའི་མི་མང་གི་ཆེད་དུ་ཕུལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

XS
SM
MD
LG