ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གྱོན་གོས་དཔེ་གསར་འགྲེམས་སྟོན་ལ་ནང་པའི་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ།


གྱོན་གོས་དཔེ་གསར་རིགས་བཟོ་བཀོད་བྱེད་མི་སྐད་གྲགས་ཅན་ པྷ་རཱ་བྷལ་གྷུ་རུང་གིས་ ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ཏུ་ གྱོན་གོས་དཔེ་གསར་འགྲེམས་སྟོན་གྱི་དུས་སྟོན་ཞིག་བྱས་པའི་ཐོག་ ཉེ་དུས་བལ་ཡུལ་ལ་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་བའི་སྐབས་རོགས་རམ་བྱེད་མཁན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཀྱང་སྤེལ་ཡོད་ཅིང་ འགྲེམས་སྟོན་དེར་མི་རྣམས་ཀྱིས་དམིགས་བསལ་གྱིས་དོ་སྣང་ཆེན་པོ་བྱས་ཡོད་འདུག་ དེ་ཡང་ གཟའ་འཁོར་འདི་ནི་ ཨ་མི་རི་ཀའི་གྲོང་ཁྱེར་ཆེན་པོ་ནིའུ་ཡོག་གི་ནང་ འཛམ་གླིང་གི་ས་ཕྱོགས་གང་ས་ནས་ སྐད་གྲགས་ཧ་ཅང་ཆེ་བའི་གྱོན་གོས་དཔེ་གསར་བཟོ་བཀོད་བྱེད་མི་རྣམས་འདུ་འཛོམས་བྱས་ཏེ་ རང་གིས་བཟོ་བཀོད་བྱས་པའི་ཕྱི་ལོ་༢༠༡༦ལོའི་དཔྱིད་ཀའི་གྱོན་གོས་དཔེ་གསར་གྱི་རིགས་འགྲེམས་སྟོན་བྱེད་པའི་དུས་ཆེན་ཞིག་ཡིན་ཞིང་ རེས་གཟའ་ཉི་མའི་ཕྱི་དྲོ་ སྐྱེས་ཡུལ་བལ་ཡུལ་ནས་ཡིན་པ་བཟོ་བཀོད་པ་སྙན་གྲགས་ཅན་པྷ་རཱ་བྷལ་གྷུ་རུང་གིས་ ཆེད་མངགས་བལ་ཡུལ་ནས་གདན་འདྲེན་ཞུས་པའི་ནང་པའི་དགེ་འདུན་པ་ཉི་ཤུ་རྩ་བཞི་ཡོད་པ་ཁོང་རྣམས་ཀྱིས་ སྤྱིར་འཛམ་གླིང་ཞི་བདེ་དང་ ལྷག་པར་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་བའི་བལ་ཡུལ་མི་དམངས་ཀྱི་དཀའ་སྡུག་མགྱོགས་ནས་མྱུར་དུ་སེལ་རྒྱུ་དང་ བལ་ཡུལ་ལ་རང་འབྱུང་གི་གོད་ཆགས་དེ་ལྟ་བུ་བྱུང་བའི་སྐབས་རོགས་རམ་གནང་མཁན་ཡོངས་ཀྱི་བཀྲིན་རྗེས་དྲན་ཞུ་རྒྱུ་བཅས་ཀྱི་ཆེད་དུ་ འདོན་རྟ་དབྱངས་འཐེན་ཏེ་སྨོན་ལམ་གསུང་འདོན་གནང་བར་ མི་རྣམས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཡོད་འདུག་ དེ་ལྟར་སྐུ་ཞབས་གྷུ་རུང་གིས་ མི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་གཞིའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་འདྲ་ཞིག་སྤེལ་བའི་ཐོག་ནས་ རང་གིས་བཟོ་བཀོད་བྱས་པའི་གྱོན་གོས་དཔེ་གསར་རྣམས་འགྲེམས་སྟོན་བྱས་ཡོད་པ་རེད།

XS
SM
MD
LG