ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕ་ཡུལ་གླེང་སྟེགས།

བཀྲ་ཤིས་སྐྱིད་ལགས་ཀྱི་རང་ལུས་མེར་སྲེག་ངོ་རྒོལ།


༄༅།།ཕྱི་ལོ་༢༠༡༥་ཟླ་༨་ཚེས་༣༡་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་རང་ལུས་མེར་སྲེག་སྒོས་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་བའི་བཀྲ་ཤིས་སྐྱིད་ལགས་ཀྱི་ལོ་རྒྱུས་དང་ངོ་རྒོལ་གནང་སའི་ས་ཁུལ་དེའི་ད་ལྟའི་གནས་སྟངས་ཐད། བཀྲ་ཤིས་སྐྱིད་ལགས་ཀྱི་ཚ་བོ་འཇམ་དབྱངས་སྦྱིན་པ་ལགས་གདན་འདྲེན་ཞུས་ནས་བགྲོ་གླེང་ཞུས་པ་ཡིན།། མདོ་སྨད་བླ་བྲང་ཕྱོགས་ཀྱི་བསང་ཆུ་རྫོང་བསང་ཁོག་དངུལ་རྭ་སྡེ་བ་ནས་ཡིན་པའི་བཀྲ་ཤིས་སྐྱིད་ལགས་ཀྱིས་གཟའ་པ་སངས་ཉིན་བསང་ཁོག་ཡུལ་ཚོའི་འགྲམ་དུ་ཡོད་པའི་འབྲོག་པ་གནས་སྡོད་བྱེད་སའི་ཁང་པ་སྟེ་ས་གནས་མང་ཚོགས་ཀྱིས་ཡོངས་གྲགས་སུ་ཁང་དམར་ཞེས་འབོད་པ་དེའི་ནང་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་སྟེ་སྐུ་གྲོངས་པ་དང་། རྒྱ་ནག་བདེ་འཇགས་མི་སྣས་བེམ་པོའང་བཙན་འཕྲོག་བྱས་ཏེ་ཁྱེར་བ་རེད།། འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ངོ་སྤྲོད་ཞུས་པ་ལྟར་ན། བཀྲ་ཤིས་སྐྱིད་ལགས་ནི་ཁོའི་ཨ་མའི་སྤུན་རྒན་པ་ཡིན་པ་དང་། ཁོའི་ཨ་ནེ་ལ་ནམ་རྒྱུན་མི་རྣམས་ཀྱིས་བཀྲ་བྷོ་ཞེས་འབོད་པ་རེད་ཟེར། དགུང་ལོ་༥༥་ལ་སོན་པའི་བཀྲ་ཤིས་སྐྱིད་ལགས་ལ་བུ་བཞི་དང་བུ་མོ་གཅིག་བཅས་བུ་ཕྲུག་ལྔ་ཡོད་པ་ལས། བུ་གསུམ་ནི་གྲྭ་བ་ཡིན་པ་དང་། བུ་མོ་ལ་མག་པ་བཞག་ནས་ཁྱིམ་མི་རྣམས་མང་ཆེར་བླ་བྲང་དགོན་པའི་ཉེ་འདབས་ཀྱི་ཁང་པའི་ནང་བསྡད་དེ་འཚེམ་བཟོའི་ལས་ཀ་བྱེད་ཞོར་དུ་སློང་མོ་བ་ལ་སྦྱིན་པ་གཏོང་བ་སོགས་ཀྱི་དགེ་བའི་ལས་ལ་བརྩོན་མཁན་ཞིག་ཡིན་ཟེར།། བཀྲ་ཤིས་སྐྱིད་ལགས་དེ་སྔོན་ཐེངས་གཉིས་ལ་རྒྱ་གར་དུ་སླེབས་ཏེ་༧གོང་ས་མཆོག་གི་གསུང་ཆོས་གསན་པ་དང་། ཕྱི་ལོ་༢༠༡༢་ལོའི་དུས་དབང་གྲུབ་རྗེས། འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ང་བོད་མིའི་རང་དབང་དང་མཉམ་དུ་ཕྱིར་ཕ་ཡུལ་ལ་ལོག་ནས་མཇལ་ཡོང་ཞེས་སེམས་གསོ་ལྟ་བུ་གནང་ནའང་། ད་ནི་འདི་ཕྱི་གཉིས་སུ་གྱེས་པས་རྨི་ལམ་ཞིག་དང་གཉིས་སུ་མ་མཆིས་སོ་ཞེས་ཕ་ཡུལ་དྲ་རྒྱའི་སྟེང་བཀོད་པའི་དཔའ་མོ་བཀྲ་ཤིས་སྐྱིད་ཀྱི་མེར་སྲེག་དང་ངོ་སྤྲོད་ཅེས་པའི་རྩོམ་ཡིག་ནང་བཀོད་འདུག བླ་བྲང་བསང་ཁོག་དངུལ་རྭའི་ཕྱོགས་ཀྱི་ཁ་པར་དང་དྲ་ལམ་སོགས་ལ་དམ་དྲག་ནན་མོ་བྱས་པའི་རྐྱེན་གྱིས་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ནང་མི་རྣམས་ལ་འབྲེལ་གཏུག་བྱེད་མི་ཐུབ་པར་གྱུར་ནས། ད་ལྟ་བེམ་པོ་གང་དུ་ཡོད་པ་དང་། འདས་མཆོད་ག་དུས་བསྒྲུབ་དགོས་པ་སོགས་ཀྱང་ཆ་མི་འཚལ་བའི་གནས་སུ་གྱུར་ཡོད།།

XS
SM
MD
LG