ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕ་ཡུལ་གླེང་སྟེགས།

འབྲི་རུ་རྫོང་དུ་རྒྱ་ནག་གཞུང་གིས་བཙན་བཀའ་བཏང་བ།


༄༅།།ཕྱི་ལོ་༢༠༡༥་ཟླ་༨་ཚེས་༡༠་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། རྒྱ་ནག་གཞུང་གིས་ཁམས་འབྲི་རུ་ས་ཁུལ་དུ་ད་ལོའི་བརྒྱད་གཅིག་དུས་ཆེན་ཟེར་བའི་ཐོག་གཅན་གཟན་པགས་རིགས་ཀྱི་རྒྱན་གོས་གྱོན་དགོས་པའི་བཙན་བཀའ་བཏང་བའི་སྐོར་ཕ་ཡུལ་ཁམས་འབྲི་རུ་ནས་ཡིན་ཞིང་ཡུ་རོབ་ཏུ་གནས་སྡོད་བྱས་ཡོད་པའི་བསམ་གྲུབ་ལགས་དང་བགྲོ་གླེང་ཞུས་པ་ཡིན། ཕྱི་ལོ་༢༠༡༥་ཟླ་༧་ཚེས་༢༥་ཉིན་ཁམས་ནགས་ཤོད་འབྲི་རུ་ས་ཁུལ་དུ་རྒྱ་ནག་གཞུང་གིས་ངེས་པར་བྱེད་དགོས་པ་བཞི་དང་དེ་དང་འགལ་ན་མི་ཆོག་པ་བཞིའི་སྲིད་ཇུས་ཁྱབ་བསྒྲགས་བྱས་འདུག བྱེད་དགོས་པ་བཞི་ཞེས་པ་ནི་བརྒྱད་གཅིག་དུས་ཆེན་སྟེང་སྒྱུ་རྩལ་གྱི་དུས་ཆེན་དེ་ངེས་པར་འཚོག་དགོས་པ་དང་། སྡིངས་ཆའི་སྟེང་གཞས་སྣ་འཁྲབ་སྟོན་བྱེད་དགོས་པ། འཁྲབ་སྟོན་པ་རྣམས་ཀྱིས་པགས་རིགས་ཀྱི་རྒྱན་གོས་ཡོད་པ་གོན་དགོས་པ། མང་ཚོགས་ནི་འཁྲབ་སྟོན་སྐབས་ལྟད་མོར་ཡོང་དགོས་པ་བཅས་ཡིན་པ་དང་། དེ་དང་འགལ་ན་ནི་ལོ་ལྔ་ཡི་རིང་དབྱར་རྩྭ་དགུན་འབུ་བརྐོ་མི་ཆོག་ཟེར་བ་དེ་རེད།། ཕྱི་ལོ་༢༠༠༦་ནང་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་མཆོད་རྟེན་ཆེན་མོ་རུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༠་པ་བསྩལ་སྐབས། བོད་ནང་གི་བོད་མི་རྣམས་ཀྱི་སྟག་གཟིག་ཝ་སྲམ་སོགས་ཀྱི་པགས་པའི་རྒྱན་གོས་བྱེད་པ་དང་། གསེར་དངུལ་གཡུ་བྱུར་གྱི་རྒྱན་གོས་ཚད་ལས་བརྒལ་བ་གྱོན་འདོག་བྱེད་ཀྱིན་ཡོད་པ་དེར་སྐྱོན་བརྗོད་གནང་རྗེས་བོད་ས་ཡོངས་སུ་གྱོན་གོས་དེ་རིགས་མཚམས་འཇོག་བྱུང་བ་རེད།། འབྲི་རུ་ས་ཁུལ་དུ་དབྱར་རྩྭ་དགུན་འབུ་ནི་མི་དམངས་ཀྱི་དཔལ་འབྱོར་ཡོང་ཁུངས་དང་འཚོ་རྟེན་གཙོ་བོ་དེ་ཡིན་པ་རེད།། བསམ་གྲུབ་ལགས་ཀྱིས་བརྗོད་པ་ལྟར་ན། འབྲི་རུ་ས་ཁུལ་དུ་རང་ལུས་མེར་སྲེག་གི་ངོ་རྒོལ་དང་། དགོན་སྡེ་དང་སྒེར་ཁང་གི་སྟེང་རྒྱ་ནག་གི་རྒྱལ་དར་འཛུགས་པར་ངོ་རྒོལ། ས་གནས་ཀྱི་གཞས་པ་གཞས་མ་ཚོས་བོད་ཀྱི་ལར་ཞེན་མཚོན་པའི་གླུ་གཞས་བཏང་བ་སོགས་ལ་བརྟེན། འབྲི་རུ་རྫོང་ནི་རྒྱ་ནག་གཞུང་གིས་ཆབ་སྲིད་ཐོག་བརྟན་འཇགས་མེད་པའི་ས་གནས་ཤིག་ལ་ངོས་འཛིན་བྱེད་པ་དང་། འདས་པའི་ལོ་གཉིས་ལྷག་གི་རིང་ཁ་པར་དང་སྐད་འཕྲིན་ལ་སོགས་པའི་འབྲེལ་ལམ་བརྒྱུད་ནས་འབྲི་རུ་རྫོང་ལ་འབྲེལ་གཏུག་བྱེད་རྒྱུ་ཁག་པོ་བཟོས་ཡོད་ཟེར།།

XS
SM
MD
LG