ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་ཆབ་སྲིད་བཙོན་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་དུ་སྐུ་གྲོངས་པའི་བརྡ་ལན་སྤྲད་པའི་རྗེས་སུ། ནང་མི་དང་ས་གནས་བོད་མི་ཚོས་རིན་པོ་ཆེ་ཡི་སྐུ་ཕུང་ནང་མི་ལ་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་སྐབས། རྒྱ་ནག་གཞུང་གི་དྲག་ཆས་སྤྲས་པའི་ཉེན་རྟོག་པས་མི་མང་ལ་མེ་མདའ་སྤྱད་དེ་དྲག་གནོན་བྱས་འདུག་ལ། ཡང་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། མེ་མདའ་ཕོག་པའི་རྨས་མ་ཚོའི་ཁྲོད་དུ་མགོ་བོར་མེ་མདའ་ཐེབས་པའི་བོད་མི་ཞིག་འདས་གྲོངས་སུ་གྱུར་སོང་བ་འགྲེལ་བརྗོད་བྱས་ཡོད་ཀྱང་། འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་དེ་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན། ས་གནས་མང་ཚོགས་ལ་དྲག་གནོན་གྱི་གནས་ཚུལ་རྒྱ་ཁྱབ་ཏུ་གྱུར་བ་ཡིན་ན་ས་ཁུལ་དེ་གའི་མི་གྲངས་སྟོང་ཕྲག་མང་པོས་ཡར་ལངས་བྱ་སྲིད་པ་དང་སྐབས་དེར་ཛ་དྲག་ཇེ་ཆེར་འགྲོ་བར་འབྲེལ་ཡོད་མི་སྣ་དང་གནས་ཚུལ་མཁོ་སྤྲོད་པ་སོགས་ཀྱིས་བློ་འཚབ་བྱེད་བཞིན་འདུག བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་བཀའ་སློབ་ལམ་སྟོན་རིམ་པར་གནང་སྟེ་མང་ཚོགས་ཁྲོད་ཕན་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད་ཡང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སླར་གསོ་དང་རྒྱུན་འཛིན་ཆེད་དགོན་པ་དང་སློབ་གྲྭ་གསར་བཞེངས་སོགས་ཀྱི་ལས་དོན་རླབས་ཆེན་གནང་མྱོང་མཁན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྤྱི་ལོ་༢༠༠༢ ཟླ་ ༤ ཚེས་ ༧ ཉིན་ཉག་ཆུ་རྫོང་ཁོངས་ནས་འཛིན་བཟུང་བྱས་ཏེ། ཁྲིན་ཏུའུ་ཡི་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་དུས་འགྱངས་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་བ་སོགས་བཙོན་ཁང་གི་ནང་མནར་གཅོད་འོག་ལོ་ངོ་ ༡༣ འགྲོ་བཞིན་ཡོད་མུར། ཟླ་བ་འདིའི་ཚེས་༡༢་ཉིན་རྒྱ་ནག་གི་བཙོན་ཁང་དུ་སྐུ་གྲོངས་ཡོད་པ་འབྲེལ་ཡོད་གཞུང་འབྲེལ་མི་སྣས་རིན་པོ་ཆེ་ཡི་ནང་མི་ལ་བརྡ་ལན་སྤྲད་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་སྦྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་ཕུང་ནང་མི་དང་ས་གནས་བོད་མི་ལ་རྩིས་སྤྲོད་མ་བྱས་སྟབས་བསྐྱར་དུ། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་དོན་རྒྱབ་སྐྱོར་བ། ས་གནས་བོད་མི་མང་ཚོགས་བཅས་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་གྲོངས་རྐྱེན་ལ་དོགས་གཞི་བྱུང་སྟེ། ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་ལས། མདོ་ཁམས་ཉག་ཆུ་ས་ཆའི་བོད་མི་ཚོས་ཉག་ཆུ་ས་གནས་སྲིད་གཞུང་གི་སྒོ་འགྲམ་དང་རིན་པོ་ཆེ་སྐུ་གྲོངས་སོང་ཞེས་བརྡ་ལན་སྤྲོད་སའི་ཁྲིན་ཏུའུ་ཡི་ཐག་ཉེ་བཙོན་ཁང་དེའི་སྒོ་འགྲམ་སོགས་སུ་རིན་པོ་ཆེ་ཡི་སྐུ་ཕུང་རྩིས་སྤྲོད་བྱ་དགོས་པའི་དགོས་འདུན་བཏོན་ཡང་། ཉག་ཆུ་རྫོང་ཁོངས་སུ་ཡོད་པའི་རིན་པོ་ཆེ་ཡི་མ་དགོན་ཡོད་སའི་ས་གནས་སྲིད་གཞུང་གིས་མང་ཚོགས་ཀྱི་ཐོག་ལ་དྲག་གནོན་བྱས་ཏེ་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བརྙན་པར་དང་འདྲ་པར་ཁག་འབྱོར་བར་བལྟས་ན། མང་ཚོགས་ཀྱི་མགོ་དང་སྐེ། རྐང་པ་དང་དཔུང་བ་ལ་སོགས་པར་མེ་མདའ་ཕོག་སྟེ་རྨས་སྐྱོན་ཚབས་ཆེན་བྱུངའདུག་ལ། ཡང་སྨན་ཁང་དུ་བོད་མི་བཅུ་ལྷག་ཉལ་ཁྲིའི་སྒང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། བརྙན་པར་གྱི་ནང་དུ་བུད་མེད་ཚོས་ངུ་སྐད་འདོན་བཞིན་པ་སོགས་ཀྱི་མཐོང་རྒྱུ་འདུག

XS
SM
MD
LG