ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ལོ་༢༠༡༥་ཟླ་༧་ཚེས་༡༣་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། ཁམས་ལི་ཐང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ཁང་དུ་ལོ་༡༣་ལ་བཙོན་འཇུག་བྱས་ཏེ་བཙོན་ཁང་ནང་དགོངས་པ་རྫོགས་པའི་ཐད་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གཉེན་ཉེ་ཡིན་ལ་ད་ལྟ་བཞུགས་སྒར་དྷ་རམ་ས་ལ་རུ་གནས་སྡོད་བྱས་ཡོད་པའི་དགེ་བཤེས་འཇམ་དབྱངས་ཉི་མ་ལགས་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞུས་པ་ཡིན།།

དེ་ཡང་རྒྱ་ནག་གི་བཙོན་ཁང་ལས་བྱེད་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ནང་མི་ལ་བརྡ་བཏང་སྟེ་བཙོན་ཁང་དུ་ངོ་ཐུག་པར་ཡོང་ཆོག་ཅེས་བཤད་པའི་རྐྱེན་གྱིས། རིན་པོ་ཆེའི་སྲིང་མོ་གཉིས་ཁྲིན་ཏུ་གྲོང་ཁྱེར་ལ་ཕྱིན་ཏེ་བཙོན་ཁང་དུ་བཅར་ནའང་ཉི་མ་འགའ་ཞིག་ལ་ངོ་ཐུག་མ་བཅུག་པ་དང་། མཐའ་མར་གཟའ་ཉི་མའི་ཉིན་རིན་པོ་ཆེ་དགོངས་པ་རྫོགས་པའི་སྐད་ཅིག་སྲིང་མོ་གཉིས་ལ་བཏང་འདུག་ཅེས་དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ཀྱིས་གསུངས་པ་རེད།།

ཁྲིན་ཏུ་གྲོང་ཁྱེར་དུ་ཡོད་པའི་ཕ་ཡུལ་ཕྱོགས་ཀྱི་བོད་མི་དང་། ཕ་ཡུལ་གྱི་མི་མང་གིས་གནས་ཚུལ་དེ་ཐོས་རྗེས་འབྲེལ་ཡོད་ལས་ཁུངས་ལ་སྐུ་ཕུང་རྩིས་སྤྲོད་བྱེད་དགོས་ཚུལ་གྱི་རེ་བ་བཏོན་ནའང་། རྒྱ་ནག་གཞུང་གིས་ད་ལྟའི་བར་རྩིས་སྤྲོད་བྱས་མེད་པ་དང་། ཅི་ལྟར་གྲོངས་པའི་རྒྱུ་རྐྱེན་ཀྱང་འགྲེལ་བརྗོད་བྱས་མི་འདུག དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་རིན་པོ་ཆེའི་སྟེང་བཀལ་བའི་ནག་ཉེས་གཙོ་བོ་ཞིག་ནི་༧གོང་ས་མཆོག་གི་སྐུ་ཚབ་ཚོགས་པ་ཐེངས་དང་པོ་དེ་བོད་དུ་བཏང་བའི་སྐབས་སུ་རིན་པོ་ཆེས་ལི་ཐང་ཕྱོགས་ཀྱི་གནས་ཚུལ་ཅི་མ་ཅི་བཞིན་ཡར་ཞུ་ཞུས་པ་དེ་རེད་ཟེར།།

རྒྱ་ནག་གཞུང་གིས་རིན་པོ་ཆེ་ནི་ཁྲིན་ཏུ་གྲོང་ཁྱེར་དུ་བྱུང་བའི་འབར་གས་ཀྱི་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པར་བཤད་ནས་ཕྱི་ལོ་༢༠༠༢་ནང་འཛིན་བཟུང་བྱས་པ་དང་། རིན་པོ་ཆེ་ཡིས་ཐོག་མཐའ་བར་གསུམ་དུ་འབར་གས་དེ་ནི་ཁོང་དང་འབྲེལ་བ་གང་ཡང་མེད་ཅེས་དཀར་འདོན་གནང་བ་རེད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ནི་ད་ལྟ་དགུང་ལོ་༦༥་ལ་སླེབས་ཡོད་པ་དང་། ཕྱི་ལོ་༢༠༡༣་ལོར་ནང་མི་དང་མཇལ་འཕྲད་ཀྱི་གོ་སྐབས་ཐེངས་གཅིག་སྤྲད་པ་དེ་གོ་སྐབས་མཐའ་མར་ཀྱང་ཆགས་འདུག

XS
SM
MD
LG