ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཨ་མི་རི་ཀའི་གྲོང་ཁྱེར་ཕྷི་ལཱ་ཌེལ་ཕྷི་ཡེའི་ནང་ཡོད་པའི་རྒྱལ་ཡོངས་རྩ་ཁྲིམས་ལས་དོན་ལྟེ་གནས་ཁང་གིས་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ ཕྱི་ལོ་༢༠༡༥ལོ་འདིའི་གལ་ཆེའི་རང་དབང་གི་གཟེངས་རྟགས་འབུལ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་ ཕྱི་ཟླ་༦པའི་ཚེས་༡༧ རེས་གཟའ་ལྷག་པའི་ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་པ་རེད་ སྐབས་དེར་ ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་Jeffrey Rosen གྱིས་གསུངས་དོན་ ང་ཚོས་དགའ་ཚོར་ཆེན་པོའི་ངང་ནས་གསལ་བསྒྲགས་ཞུ་རྒྱུ་ཞིག་ལ་ འདི་ལོའི་རང་དབང་གི་གཟེངས་རྟགས་Liberty Medal དེ་བཞིན་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་རྒྱུ་གཏན་འཁེལ་བ་ཡིན་ དེ་ཡང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ བོད་མི་དམངས་ཀྱི་བདེ་དོན་དང་ འཛམ་གླིང་ཁྱོན་ཡོངས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་ཡོང་ཐབས་ དེ་བཞིན་ འགྲོ་བ་མི་ཚང་མ་གཅིག་པ་ཡིན་པའི་ཆ་ནས་ཚང་མར་ལྟ་སྟངས་དང་ཐོབ་ཐང་འདྲ་མཉམ་དགོས་པ་ དཀའ་རྙོག་ཡོད་པ་རྣམས་ཞི་མོལ་གྱི་ལམ་ནས་སེལ་དགོས་པ་ ཕན་ཚུན་བརྩི་བཀུར་དང་བཟོད་བསྲན་དགོས་པ་སོགས་ཀྱི་བཟང་པོའི་ལམ་སྟོན་གནང་རྒྱུས་མཚོན་པའི་མཛད་འཁུར་རྒྱ་ཆེ་བཞེས་ཏེ་ འཛམ་གླིང་ཁྱོན་ཡོངས་ཀྱི་ནང་རང་དབང་གི་གཟི་འོད་ཁྱབ་འཕེལ་དུ་གཏོང་གནང་མཛད་ཀྱི་ཡོད་པ་དེ་ནི་ རང་དབང་གི་གཟེངས་རྟགས་ཀྱི་ཁྱད་ཆོས་ཡོངས་སུ་རྫོགས་པ་ཞིག་ཡིན་སྟབས་ད་རེས་མགོན་པོ་མཆོག་ལ་གཟེངས་རྟགས་འདི་འབུལ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་གསུངས་འདུག་ གནས་ཚུལ་དེ་ཐོན་པའི་རྗེས་སུ་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཏེ་ གང་ཉིད་ལ་གྲོང་ཁྱེར་ཕྷི་ལཱ་ཌེལ་ཕྷི་ཡེའི་ནང་ རང་དབང་གི་གཟེངས་རྟགས་གནང་གི་ཡོད་པ་དེ་ནི་ ཧ་ཅང་གི་གཟི་བརྗིད་ཡིན་ལུགས་བཀའ་གནང་བ་དང་འབྲེལ་ མོས་གུས་ཆེན་པོ་བྱ་ཡུལ་གྱི་དབུ་ཁྲིད་གཞན་མང་པོར་ཕུལ་བའི་གཟེངས་རྟགས་འདི་འདྲ་ཞིག་ ད་རེས་ངོས་རང་ལའང་གནང་གི་ཡོད་པར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་ གཞི་རྐང་ བྱམས་བརྩེའི་བསླབ་བྱ་ཁྱབ་སྤེལ་གཏོང་རྒྱུ་དེ་ནི་ ངོས་རང་གི་མི་ཚེ་ཧྲིལ་པོར་འབད་བརྩོན་བྱ་རྒྱུའི་ལས་དོན་གཙོ་བོའི་གྲས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས་ དེ་དག་ལ་ངོས་འཛིན་ཐོབ་སའི་ས་གནས་ནི་ སྤྲུན་ཟླ་ཕོ་མོའི་མཛའ་བཤེས་ཟབ་པའི་གྲོང་ཁྱེར་ཕྷི་ལཱ་ཌེལ་ཕྷི་ཡེ་ལས་ལྷག་པ་ཞིག་ནི་མེད་ཅེས་བཀའ་གནང་འདུག

XS
SM
MD
LG