ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་ལ་མཁའ་དབྱིངས་སྲུང་སྐྱོང་ལྟེ་གནས་བཟོ་སྲིད་ལུགས་རྒྱ་ནག་གི་བརྗོད་པ།


རེས་གཟའ་ཉིན་མའི་ཉིན། རྒྱ་ནག་གི་དམག་སྤྱི་ཞིག་གིས། གལ་ཏེ་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་ལ་བདེ་འཇགས་ཀྱི་ཉེན་ཚབས་ཆེན་པོ་མཐོང་བ་ཡིན་ན། རྒྱ་ནག་གཞུང་གིས་མཚོ་ཁུལ་དེ་ལ་མཁའ་དབྱིངས་སྲུང་སྐྱོང་གི་ལྟེ་གནས་བཟོ་དགོས་པ་ཆགས་རྒྱུ་ཡིན་ཞེས་ནན་བརྗོད་བྱས་ཡོད་ཅིང་། དེ་ཡང་ སིང་ག་པོར་ནང་འཚོག་བཞིན་པའི་ཨེ་ཤེ་ཡའི་བདེ་འཇགས་ཚོགས་འདུའི་སྐབས་སུ་རྒྱ་ནག་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་སུང་ ཇི་ཡང་གུ་ཡིས། ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་ལ་མཁའ་དབྱིངས་སྲུང་སྐྱོང་ལྟེ་གནས་ངེས་པར་དུ་བཟོ་རྒྱུ་ཡིན་ཞེས་བཤད་མེད་རུང། མཁའ་དབྱིངས་སྲུང་སྐྱོང་ལྟེ་གནས་བཟོ་དགོས་མིན་དེ་མཚོ་ཁུལ་སྤྱིའི་བདེ་འཇགས་གནས་བབས་དང་། ཉེན་ཚབས་ཀྱི་གནས་སྟངས་གཉིས་ལ་གཞིགས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་དང་། འབྲེལ་ཡོད་རྒྱལ་ཁབ་ཚོས་གནད་དོན་འདིར་དམིགས་བསལ་དོ་སྣང་ཆེན་པོ་བྱ་དགོས་དོན་གང་ཡང་མེད་ཅེས་གསུངས་འདུག གལ་ཏེ། ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་ལ་མཁའ་དབྱིངས་སྲུང་སྐྱོང་ལྟེ་གནས་བཟོས་པ་ཡིན་ཚེ། ཨ་མི་རི་ཀ་དང་ ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་གནད་དོན་འདི་འཁོན་འཁྲུག་སློང་གཞིའི་བྱ་སྤྱོད་ཚབས་ཆེན་ཞིག་ལ་ངོས་འཛིན་བྱ་སྲིད་པ་རེད། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་ལ་སྲུང་སྐྱོང་གི་ལྟེ་གནས་ཤིག་བཟོ་སྲིད་ལུགས་འབྲེལ་ཡོད་རྒྱལ་ཁབ་མང་པོའི་དཔོན་རིགས་ཚོས་འདས་པའི་ལོ་ཤས་རིང་ནས་དོགས་གཞི་ཆེན་པོ་བྱས་ཡོད་ཅིང། གལ་ཏེ། རྒྱ་གཞུང་གིས་ལས་དོན་དེ་འདྲ་ཞིག་ལག་བསྟར་བྱས་ཚེ་མཚོ་ཁུལ་དེར་རྒྱ་ནག་གི་དམག་གི་རྟེན་གཞི་རྒྱ་ཆེ་རུ་འགྲོ་སྲིད་པའི་ཞེད་སྣང་ཡོང་གི་ཡོད་པ་རེད།

XS
SM
MD
LG