ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ནང་གནས་སྡོད་རྒྱ་མི་བཅོ་ལྔ་ལ་ཡིག་རྒྱུགས་རྫུན་བཟོ་བྱས་པའི་ནག་ཉེས་བཙུགས་ཡོད་པ།


ཨ་མི་རི་ཀའི་ནང་གནས་སྡོད་བྱེད་པའི་རྒྱ་མི་བཅོ་ལྔས་ རྒྱ་ནག་གིས་གཙོས་པས་ ཕྱིའི་རྒྱལ་ཁབ་ཀྱི་ནང་ཡོད་པའི་སློབ་ཕྲུག་དེ་གྲས་ཀྱི་ཚབ་བྱས་ཏེ་ མི་གཞན་ལ་ ཨ་མི་རི་ཀའི་མཐོ་སློབ་ཀྱི་ནང་ཚུད་རྒྱུའི་ཡིག་རྒྱུགས་གཏོང་དུ་བཅུག་ཡོད་ལུགས་ ཨ་མི་རི་ཀའི་གཞུང་གིས་ནག་ཉེས་བཙུགས་ཡོད་འདུག་ རང་ཉིད་མི་གཞན་ཡིན་ཁུལ་བྱས་ཏེ་ཡིག་རྒྱུགས་བཏང་བའི་ཁྲིམས་འགལ་གྱི་གནས་ཚུལ་འདིའི་རིགས་ མང་ཆེ་བ་ནི་ ཨ་མི་རི་ཀའི་ཤར་ཕྱོགས་མངའ་སྡེ་ཕྷིན་སལ་ཝེ་ནི་ཡ་ནང་ ཕྱི་ལོ་༢༠༡༡ལོ་ནས་ ཕྱི་ལོ་༢༠༡༥ལོ་བར་བྱུང་ཡོད་པ་དང་ རྒྱ་མི་དེ་དག་གིས་མི་གཞན་གྱི་ཚབ་བྱས་ཏེ་ཡིག་རྒྱུགས་གཏོང་མཁན་དེ་འདྲ་ལ་ རྒྱ་ནག་གི་མི་སེར་གྱི་ཕྱིར་བསྐྱོད་ལག་འཁྱེར་པཱ་སེ་པོཊ་རྫུན་མ་བཟོས་ཏེ་སྤྲོད་ཀྱི་ཡོད་པ་དང་ མི་དེ་དག་གིས་ལག་འཁྱེར་དེ་འཁྱེར་ནས་ ཨ་མི་རི་ཀའིི་མཐོ་སློབ་དང་ གཙུག་ལག་སློབ་གཉེར་ཁང་བཅས་ཀྱི་ནང་ཚུད་མ་ཚུད་གཏན་འཁེལ་བའི་གལ་ཆེའི་ཡིག་རྒྱུགས་SATདང་ གཞན་ཡང་ དབྱིན་སྐད་རང་གི་ཡུལ་སྐད་མིན་པའི་ཆ་ནས་ཡིག་རྒྱུགས་གཏོང་རྒྱུ་བཅས་ཀྱི་ནང་བཞུགས་ཏེ་ ཡིག་རྒྱུགས་གཏོང་གི་ཡོད་པ་རེད་ ཨ་མི་རི་ཀའི་གཞུང་ལ་མགོ་སྐོར་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་འདྲ་སྤེལ་མཁན་གྱི་རྒྱ་མི་དེ་དག་ཉེས་ཅན་དུ་ཐོན་པ་ཡིན་ན་ ལོ་ཉི་ཤུ་བཙོན་འཇུག་དང་ ཨ་སྒོར་སྟོང་ཕྲག་མང་པོ་དངུལ་གྱི་ཆད་པ་འགེལ་རྒྱུ་སོགས་ཀྱི་ཉེས་ཆད་འགེལ་སྲིད་པ་ཡིན་འདུག

XS
SM
MD
LG