ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྟའུ་རུ་བསྐྱར་དུ་བོད་པ་ཞིག་གིས་རང་བསྲེགས་ངོ་རྒོལ་བྱས་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སྤྱི་ཟླ་ལྔ་བའི་ཚེས་༢༠་ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་༨་ཡས་མས་སུ་ཁམས་རྟའུ་རུ་བོད་པ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག་ཅིང་། ཁམས་རྟའུ་རྫོང་གི་ཁང་གསར་ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཚོ་ཚོགས་འདུ་འཚོགས་སའི་ལས་ཁང་གི་ཕྱི་ལོགས་སུ་བསྟན་འཛིན་རྒྱ་མཚོ་ཞེས་པའི་བོད་པ་མི་སྐྱ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་རྗེས་སུ་ཉེན་རྟོག་པ་འབྱོར་ཏེ་མེ་བསད་པ་དང་རང་ལུས་མེར་སྲེག་པ་བཙན་འཁྱེར་བྱས་ཡོད་པས། ཁོང་ཤི་གསོན་གང་ཡིན་དང་སྨན་ཁང་གང་དུ་འཁྱེར་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

བསྟན་འཛིན་རྒྱ་མཚོས་རང་ལུས་མེར་སྲེག་གཏོང་ཡུལ་དེ་ཉིན་ཤས་གོང་དུ་ཁང་གསར་ས་གནས་ཀྱི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་མང་པོ་ཡོང་ནས་གྲོང་པ་སོ་སོའི་སྐྱེས་ཕོ་མོ་ཚང་མ་བསྡུ་སྐོང་བྱས་ཏེ་སྒྲིག་ལམ་སྣ་ཚོགས་ཤིག་དྲིལ་བསྒྲགས་བྱ་ཡུལ་ཡིན་དང་། བོད་པ་ཚོ་རྣམ་འགྱུར་ཡག་པོ་མི་འདུག་ཅེས་མི་གང་བྱུང་དུ་འཛིན་བཟུང་བཀག་ཉར་བྱ་ཡུལ་ལས་ཁང་དེའི་སྒོ་མདུན་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་ན་ཁམས་རྟའུ་རྫོང་ཁོངས་ཀྱི་ས་ཁུལ་སོ་སོའི་ས་གནས་སྲིད་གཞུང་གི་ནང་དུ་དམག་ལྭ་ལྗང་ཁུ་གྱོན་ཞིང་ལག་ཏུ་མེ་མདའ་བཟུང་བའི་དམག་མི་དང་། ཡང་འབོམ་དང་ལྕགས་དབྱུག་བཟུང་བའི་དྲག་ཆས་སྤྲས་པའི་དམག་མི་བཅས་ཀྱིས་དགོན་པའི་གླིང་བར་དང་གྲོང་ཁྱེར་གྱི་སྲང་ལམ། མི་མང་གི་མཐོང་སའི་གཞུང་ལམ་སོགས་སུ་དམག་སྦྱོང་བྱེད་བཞིན་པ་དང་མི་མང་ལ་འདྲི་རྩད་བྱ་བ། ཁོ་ཚོས་སྒྲིག་ལམ་སྣ་ཚོགས་འཇོག་པ་སོགས་ཀྱི་དྲག་པོའི་དཔུང་ཤུགས་ངོམས་བཞིན་པ་མ་ཟད། མི་མང་པོ་འཛིན་བཟུང་བྱེད་བཞིན་ཡོད་འདུག ད་ལྟ་ལས་འགུལ་དེ་ཁང་གསར་ཞང་དུ་སྤེལ་བཞིན་ཡོད་པས་འཛིན་བཟུང་འོག་ཏུ་ཡོད་པའི་མི་མང་པོར་རྡུང་རྡེག་བཏང་སྟེ་བསྟན་འཛིན་རྒྱ་མཚོས་རང་ལུས་མེར་སྲེག་མ་བཏང་བའི་སྔོན་ཏག་ཏག་ལ་བོད་པ་གསུམ་སྨན་ཁང་དུ་སྐྱེལ་འདུག

ཡང་ས་གནས་མང་ཚོགས་ཀྱིས་གཙོ་བོ་རྟའུ་མི་མང་གིས་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་གཟབ་རྒྱས་ཤིག་སྲུང་གཙི་བྱ་ངེས་ཡིན་པར་དོགས་ཟོན་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། དེ་བཞིན་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བསྟན་འཛིན་རྒྱ་མཚོ་ནི་རྟའུ་རྫོང་ཁང་གསར་ཞང་སྤོར་ཆ་གྲོང་སྡེའི་ཕ་འཆི་མེད་རྡོ་རྗེ་དང་མ་དཔལ་ལྷ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ལ་ན་༣༥་དང་བྱིས་པ་བཞིའི་ཨ་ཕ་ཞིག་ཡིན་འདུག ད་ལྟའི་བར་དུ་རྟའུ་ཉ་མཚོ་དགོན་པའི་གྲྭ་པ་ཚེ་དབང་ནོར་བུ་དང་བཙུན་མ་དཔལ་ལྡན་ཆོས་འཚོ། དབང་ཆེན་སྒྲོལ་མ། དེའི་རྗེས་སུ་མི་སྐྱ་འཕྲིན་ལས་རྣམ་རྒྱལ་དང་གྲྭ་བ་སྐལ་བཟང་ཡེ་ཤེས་བཅས་བོད་པ་ལྔས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དང་། ཕྱི་ཚེས་༢༠་ཉིན་མི་སྐྱ་བསྟན་འཛིན་རྒྱ་མཚོས་རང་སྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེ་ནི། ཁམས་རྟའུ་རྫོང་ཁོངས་ཀྱི་མི་དྲུག་པ་དེ་ཡིན་པ་དང་། རྟའུ་ས་ཁུལ་དུ་ལོ་ལྟར་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་རྟ་རྒྱུག་འགྲན་སྡུར་དང་མང་ཚོགས་འདུ་འཛོམས། མཆོད་འབུལ་རྒྱ་ཆེན་བྱ་སའི་ས་ཁུལ་ཞིག་ཡིན་ཡང་སྤྱི་ལོ་༢༠༠༨་ལོར་བྱེད་སྒོ་དེ་དག་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་རེད།།

XS
SM
MD
LG