ངོ་འཕྲད་བདེ་བའི་དྲ་འབྲེལ།

ས་ཡོམ་གྱི་རྐྱེན་ངན་གོད་ཆག་ཕོག་པའི་བལ་ཡུལ་མི་མང་གི་ཆེད་དུ་ཨ་རིའི་ནང་དུ་བོད་པ་གནས་འཁོད་ས་གནས་གང་སར་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་ལས་དོན་སྣ་མང་ཞིག་སྤེལ་བཞིན་ཡོད་ཅིང་། ཟླ་བ་སྔོན་མའི་ཕྱི་ཚེས་༢༥་ཉིན་བལ་ཡུལ་ལ་ས་ཡོམ་ཧ་ཅང་གཏོར་ཚབས་ཅན་ཞིག་བྱུང་སྟེ་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་བསམ་ཡུལ་ལས་འདས་པ་ཞིག་བྱུང་ཡོད་སྟབས་། བལ་ཡུལ་གྱི་བོད་པའི་ཚོགས་པ་སྐྱིད་སྡུག་ཁག་དང་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ས་ཡོམ་གྱི་གནོད་སྐྱོན་ཕོག་ཡུལ་ཁག་ལ་ཆེད་སྐྱོད་ཀྱིས་ས་གནས་མི་མང་ལ་ཛ་དྲག་གི་ངལ་སེལ་རོགས་སྐྱོར་གནང་བཞིན་ཡོད་པ་མ་ཟད། བལ་ཡུལ་དུ་གནས་འཁོད་བོད་པ་དང་བོད་ནང་གི་ས་ཡོམ་བྱུང་སའི་བོད་པ་ཚོའི་ཆེད་དུ་སྨོན་ལམ་ཚོགས་པ་དང་དཔལ་འབྱོར་འདུ་འགོད། རྨས་མ་ཚོར་ཛ་དྲག་གི་སྨན་བཅོས་དང་བཟའ་འབྲུ་མཁོ་སྒྲུབ་བཅས་ལས་དོན་ཡང་སྒྲུབ་ཀྱི་ཡོད་འདུག ལས་རིམ་འདིའི་ནང་དུ་བོད་པ་འདུ་སྡོད་ཆེ་ས་ཨ་མི་རི་ཀའི་ནེའུ་ཡོག་དང་ནེའུ་ཇེར་སི། ཀེ་ལི་ཧྥོར་ཎི་ཡ་སོགས་སུ་བོད་པ་ཚོས་བལ་ཡུལ་མི་མང་གི་ཆེད་དུ་དཔལ་འབྱོར་འདུ་འགོད་དང་སྨོན་ལམ་ཚོགས་ཡོད་པ་སྟེ། ཨ་མི་རི་ཀའི་ནེའུ་ཡོག་དང་ནེའུ་ཇེར་སི་ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་བཅས་ཚོགས་པ་བཞིས་འགོ་ཁྲིད་འོག་ཨ་སྒོར་ཁྲི་ཚོ་༡་དང་སྟོང་ཕྲག་༨་ཙམ་འདུ་འགོད་ཐུབ་ཡོད་པ་དང་། ད་དུང་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་སྨོན་ལམ་ཚོགས་པ་དང་མར་མེའི་མཆོད་འབུལ་སོགས་ཀྱི་བྱེད་སྒོ་ཁག་བལ་ཡུལ་ལ་ས་ཡོམ་བྱུང་བའི་ཉིན་དང་པོ་ནས་འགོ་ཚུགས་པ་ཕྱོགས་བསྡུས་བྱས་ཡོད།།

XS
SM
MD
LG