ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

གྲྭ་འཇམ་དབྱངས་བསམ་གཏན་རྒྱ་གཞུང་གིས་ལོ་བཞིའི་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ།


མདོ་སྨད་གཙོས་གྲོང་ཁྱེར་ཁོངས་སུ་ཡོད་པའི་རྔོག་རྒྱལ་མོ་དགོན་གྱི་དགེ་འདུན་པ་འཇམ་དབྱངས་བསམ་གཏན་ལགས་ཁ་བྲལ་བ་རེད་ཅེས་ལོ་ངོ་བཞི་ཡི་བཙོན་འཇུག་བྱས་ཏེ་མཐར་གློད་གྲོལ་བཏང་འདུག ༢༠༠༨ལོའི་ཞི་རྒོལ་རྗེས་ལོ་ངོ་གསུམ་ལྷག་ལ་རི་མགོར་གབ་ཡོལ་བྱེད་མཐར་སྤྱི་ལོ་༢༠༡༡ལོའི་སྤྱི་ཟླ་༧ཚེས་༢ཉིན་དགོན་པའི་ཕྱིར་ལོག་པའི་མཚན་མོར་ཉེན་རྟོག་པས་གསང་སྟབས་ཀྱིས་འཛིན་བཟུང་བྱས་འདུག དེའི་རྗེས་ཞི་བའི་ངོ་རྒོལ་སྣེ་ཁྲིད་མཁན་དང་ཁ་བྲལ་བ་རེད་ཅེས་ལོ་བཞི་ཙམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། སྤྱི་ཟླ་༥བའི་ཚེས་༣་ཉིན་བཙོན་འཇུག་གི་དུས་ཡུན་རྫོགས་ཏེ་གློད་གྲོལ་བཏང་ཡོད་འདུག དགེ་འདུན་པ་འཇིགས་མེད་བསམ་གཏན་ལགས་གློད་གྲོལ་གྱིས་ཕྱིར་རང་ཡུལ་དུ་ལོག་པའི་ལམ་བར་དུ་ས་གནས་མང་ཚོགས་ཀྱིས་གཞུང་ལམ་གཡས་གཡོན་དུ་གྲལ་བསྟར་སྒྲིག་པ་དང་དགོན་པའི་སྐོར་ལམ་དུ་དགེ་འདུན་པ་ཚོ་གྲལ་རིང་པོ་སྒྲིག་ཏེ་རེ་རེ་བཞིན་འཇིགས་མེད་བསམ་གཏན་ལགས་ལ་དཀར་གཙང་གི་ཁ་བཏགས་སྒྲོན་ཏེ་ཕེབས་བསུ་གཞི་རྒྱ་ཆེན་པོ་གནང་འདུག དགེ་འདུན་པ་འཇིགས་མེད་བསམ་གཏན་ལགས་ནི་ལོ་ན་༢༩ཙམ་དང་ཁོང་ནི་རྒྱལ་མོ་དགོན་ཡུལ་ཚོའི་མགར་རུ་སྡེ་བའི་གཙུག་ཏོར་ཚང་གི་ཕ་སངས་རྒྱས་རྒྱ་མཚོ་དང་ཨ་མ་དཀའ་ཐུབ་འཚོ་གཉིས་ཀྱི་བུ་ཡིན་འདུག ད་ལྟ་འཇིགས་མེད་བསམ་གཏན་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་དང་ཡང་ཁོང་མུ་མཐུད་ནས་དགོན་པར་སློབ་གཉེར་གནང་ཆོག་མིན་སོགས་ཤེས་རྟོགས་ཐུབ་བཞིན་མེད།

XS
SM
MD
LG