ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་མོས་ལྷན་ཚོགས་ཀྱི་སྙན་ཐོའི་ནང་རྒྱ་ནག་ལ་སྐྱོན་བརྗོད།


ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་དད་མོས་རང་དབང་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་དུ་ནང་པ་རྣམས་ལ་གཉའ་གནོན་བྱེད་བཞིན་ཡོད་ཅེས་བཀོད་པའི་སྙན་ཐོའི་ཐད་རྒྱལ་སྤྱིའི་བོད་དོན་ལས་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

ལྷན་ཚོགས་འདིའི་ད་ལོའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བོད་བརྒྱུད་ནང་བསྟན་ཉམས་ལེན་པ་རྣམས་ཀྱི་སྟེང་གཉའ་གནོན་གྱི་སྲིད་ཇུས་མཁྲེགས་པོ་ལག་བསྟར་བྱེད་བཞིན་ཡོད་ཅེས་བཀོད་ནས། ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་རྒྱ་ནག་དེ་བསྐྱར་དུ་དམིགས་བཀར་ཐུགས་འཚབ་ཡོད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་འགོད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།།

ཨ་རིའི་ལྷན་ཚོགས་འདི་ནི་རྒྱལ་སྤྱིའི་སྟེང་གི་ཆོས་ལུགས་དད་མོས་རང་དབང་ལ་རྡོག་རྫི་བྱེད་བཞིན་པར་དམིགས་ཏེ་༡༩༩༨་ལོར་དངོས་སུ་ཚུགས་པ་དང་། ཕྱི་ཟླ་བཞི་བའི་ཚེས་༣༠་ཉིན་འགྲེམ་སྤེལ་བྱས་པའི་ད་ལོའི་སྙན་ཐོའི་ནང་རྒྱལ་ཁབ་༣༣་ནང་གི་ཆོས་དད་རང་མོས་ལ་རྡོག་རྫི་བྱེད་བཞིན་པའི་གནས་ཚུལ་གསལ་བོར་བསྟན་ཡོད། ལྷན་ཚོགས་འདི་ནི་ཨ་རིའི་གཞུང་གི་སློབ་སྟོན་གནང་མཁན་གྱི་ལྷན་ཚོགས་ཤིག་ཡིན་ཞིང་། ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ཀ་ནས་སླེབས་པའི་ཁོངས་མི་ཡོད་པའི་རང་དབང་ཅན་གྱི་ལྷན་ཚོགས་ཤིག་ཡིན།།

བུ་ཆུང་ཚེ་རིང་ལགས་ཀྱིས་སྙན་ཐོ་འདིའི་ནང་བོད་ནང་གི་གནད་དོན་ཁྲོད་གནད་འགག་གསུམ་བཀོད་ཡོད་པ་དང་། དེ་དག་ནི་བོད་ཀྱི་ས་ཁུལ་ཡོངས་སུ་བོད་བརྒྱུད་ནང་ཆོས་ཉམས་ལེན་བྱེད་མཁན་རྣམས་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་པ། མཐའ་མར་༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱ་འཆར་གྱི་རྣམ་འགྱུར་སྟོན་བཞིན་པ་བཅས་རེད་ཟེར།།

ད་ལོའི་སྙན་ཐོའི་ནང་བོད་ནང་གི་ཆབ་སྲིད་བཙོན་པ་ཁག་ཅིག་གི་མཚན་ཀྱང་བཀོད་ཡོད་པ་དང་། དེ་དག་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ། ལོ་བཅོ་ལྔའི་ཁྲིམས་ཆད་བཅད་ཡོད་པའི་དཀོན་མཆོག་ཚེ་འཕེལ། ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བློ་བཟང་ཚེ་རིང་བཅས་ཡིན་ཞིང་། ཨ་རིའི་གཞུང་གི་ངོས་ནས་མི་སྣ་འདི་དག་ལ་དམིགས་བསལ་དོ་སྣང་དང་རྒྱ་ནག་གཞུང་འབྲེལ་མི་སྣ་དང་ལྷན་དུ་གླེང་སློང་བྱ་དགོས་པ་ཆགས་ཡོད།།

རྒྱ་ནག་གཞུང་གིས་དེ་ནི་རྨང་གཞི་གང་ཡང་མེད་པར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཅིག་ཡིན་པ་དང་། རྒྱ་ནག་གི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་པའི་ཐོབ་ཐང་ཆ་ཚང་ཡོད་ཅེས་གཟའ་ཟླ་བའི་ཉིན་བཤད་ཡོད།།

XS
SM
MD
LG