ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བལ་ཡུལ་དུ་ས་ཡོམ་དང་གཞིས་ཀ་རྩེ་རུ་གནོད་འཚེ།


ཕྱི་ལོ་༢༠༡༥་ཟླ་༤་ཚེས་༢༧། གཟའ་ཟླ་བའི་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་ཕྱི་ཟླ་བཞི་བའི་ཚེས་༢༥་ཉིན་བལ་ཡུལ་དུ་ས་ཡོམ་ཆེན་པོ་ཞིག་བརྒྱབ་རྗེས་ཀྱི་གོད་ཆག་དང་སྐྱོབ་གསོའི་ལས་འགུལ་ཐད་ནེའུ་ཡོག་ཏུ་གནས་སྡོད་པ་ཤར་པ་བསོད་ནམས་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

བསོད་ནམས་ལགས་ཀྱིས་ངོ་སྤྲོད་ཞུས་པ་ལྟར་ན། བལ་ཡུལ་གྱི་རྒྱལ་ས་ཀ་ཊི་མན་ཊུ་ནང་གནས་སྡོད་པ་རྣམས་ནི་ད་རུང་ཁང་པའི་ནང་ཉལ་མ་ཐུབ་པར་ཕྱི་ལོགས་སུ་ཉལ་བཞིན་པ་དང་། གུར་དང་གློག་གི་ཆ་རྐྱེན་མེད་པར་མ་ཟད། བྱིས་པ་ལ་ཁ་ལག་བཟོ་བྱེད་ཀྱི་མཐུན་རྐྱེན་མེད་པ། དམིགས་བསལ་སྒོས་ཆུ་གཙང་མ་བཟོ་བྱེད་ཀྱི་མཐུན་རྐྱེན་མེད་པ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་དང་། ཕྱོགས་མཚུངས་རྒྱལ་སྤྱིའི་སྟེང་གི་རོགས་སྐྱོར་ཚོགས་པ་ཁག་གི་རོགས་སྐྱོར་ཀྱང་རྒྱལ་སའི་ནང་སླེབས་བཞིན་ཡོད་ཟེར། མཆོད་རྟེན་བྱ་རུང་ཁ་ཤོར་ལའང་སེར་ཁ་བྱུང་འདུག་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནའ་རྫས་སྲུང་སྐྱོབ་ཀྱི་གྲལ་དུ་བཀོད་ཡོད་པའི་གནས་ཁ་ཤས་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད།།

བསོད་ནམས་ལགས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན། Sindhupalchowk ས་ཁུལ་གྱི་གྲོང་གསེབ་དག་ལ་ནམ་རྒྱུན་ཡིན་ནའང་འགྲོ་བསྐྱོད་བདེ་བོ་མེད་པ་དང་། གཟའ་སྤེན་པའི་ཉིན་གྱི་ས་ཡོམ་ཁྲོད་དུ་གཞུང་ལམ་ལ་གཏོར་བཤིག་ཐེབས་པས། དེ་གའི་གྲོང་གསེབ་མང་པོ་ཞིག་གི་གནས་སྟངས་ད་རུང་གསལ་བོ་མེད་ཟེར། དེ་ལས་ཀྱང་དུད་ཁྱིམ་ཉི་ཤུ་ལྷག་དང་། མི་འབོར་བརྒྱ་ཐམ་པ་ཙམ་ཡིན་པའི་གྲོང་གསེབ་ཅིག་ཏུ་ས་ཡོམ་གྱི་སྐབས་སུ་ཁང་ཁྱིམ་ཚང་མ་བཤིག་པ་དང་། ད་ལྟ་མི་ཉི་ཤུ་ལྷག་མ་གཏོགས་ལྷག་མེད་པར་མི་བརྒྱད་བཅུ་ཙམ་གྱི་ཚེ་སྲོག་ཤོར་ཏེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོི་བྱུང་འདུག་ཟེར།།

དེ་བཞིན་དུ་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཡོམ་དེ་ཡིས་གཞིས་ཀ་རྩེ་ས་ཁུལ་གྱི་གཉའ་ལམ་དང་། སྐྱིད་གྲོང་། དིང་རི། ས་དགའ། འབྲོང་པ། གྲོ་མོ། ལྷ་རྩེ་བཅས་རྫོང་ཁག་ཏུ་གནོད་འཚེ་ཕོག་སྟེ། ཉུང་མཐར་ཡང་མི་༢༠་ལྷག་གི་ཚེ་སྲོག་འཕྲོག་པ་དང་། མི་ཉིས་ཁྲི་ལྔ་སྟོང་ཙམ་རང་ཁྱིམ་ནས་སྡོད་ཐབས་མ་བྱུང་བར་གནས་གཞན་ལ་སྤོས་ནས་བཀོད་སྒྲིག་བྱས་ཡོད་ཟེར།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG