ངོ་འཕྲད་བདེ་བའི་དྲ་འབྲེལ།

བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཁམས་ཏྲེ་ཧོར་བྲག་མགོ་ས་ཁུལ་གྱི་བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་བའི་ཐད། ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བྱེད་པའི་ཏྲེ་ཧོར་ཀརྨ་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

ཏྲེ་ཧོར་བྲག་མགོ་རྫོང་བྲག་སྲས་གྲོང་ནས་ཡིན་པའི་བཙུན་པ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས། རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་སོགས་སྐད་འབོད་བརྒྱབ་སྟེ་གྲོངས་པ་རེད།།

ཏྲེ་ཧོར་ཀརྨ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་༤ པའི་ཚེས་༨ རེས་གཟའ་ལྷག་པའི་ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་ཡན་མན་ཙམ་ལ། དཀར་མཛེས་རྫོང་དགོན་པའི་ཉེ་འདབས་ཀྱི་ཁྲོམ་གཞུང་སྐུ་འབུམ་ཞབས་ཞེས་པའི་རྫོང་གི་ཉེན་རྟོག་ལས་ཁུངས་དང་ཉེ་ས་ཞིག་ཏུ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། ༧ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་གནང་བ་དང་། སྐབས་དེར་ཉེན་རྟོག་པས་མེ་གསོད་ཡོ་བྱད་བཀོལ་ནས་མེ་བསད་དེ་བཙན་ཁྲིད་བྱས་ཤིང་། ཕྱི་ཚེས ༩ ཉིན། ཉེན་རྟོག་པས་ནང་མི་ལ་བཙུན་མ་ཡེ་ཤེས་མཁའ་འགྲོ་ཚེ་ལས་འདས་ཚུལ་བརྗོད་ཡོད་པ་རེད།།

ཡེ་ཤེས་མཁའ་འགྲོ་ལགས་ནི་རང་ལོ་༤༧་ལ་སོན་ཡོད་པ་དང་། ཨ་མ་ལགས་འདས་གྲོངས་སུ་གྱུར་ནས་ཕ་ལགས་འཚོ་བཞུགས་ཡིན་ཞིང་། མིང་སྲིང་འགའ་ཞིག་ཡོད། མོ་ནི་ངང་སྒང་ཇོ་མོ་བཙུན་དགོན་གྱི་བཙུན་མ་ཡིན། ཕྱི་ལོ་༢༠༠༨་ནང་ཏྲེ་ཧོར་ས་ཁུལ་དུ་ངོ་རྒོལ་སྐད་འབོད་བྱས་པ་ལ་བརྟེན་ནས་མོ་རང་འཛིན་བཟུང་བཀག་ཉར་བྱས་མྱོང་ཡོད་པ་རེད།།

བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་རང་ལུས་མེར་སྲེག་མ་གནང་བའི་གོང་དུ་རང་གིས་བསགས་པའི་དངུལ་རྣམས་དུམ་བུར་བགོས་ཏེ་དགོན་པའི་སྙུང་གནས་དང་། མ་ཎི་རྡོ་ལ་བརྐོ་བ། གྲྭ་ཤག་བཟོ་བཅོས་བརྒྱབ་རྒྱུ་སོགས་ཀྱི་ཐད་དཀར་ཐིགས་བརྒྱབ་ཡོད། དེར་མ་ཟད་ནང་མི་རྣམས་ལ་ཕྱོགས་མང་པོ་ནས་ཁ་ཏ་མང་དུ་བརྒྱབ་ཡོད་ཟེར།། རང་ལུས་མེར་སྲེག་གནང་ས་དེ་ནི་དཀར་མཛེས་དགོན་གྱི་ཐག་ཉེར་ཡིན་པ་དང་། དཀར་མཛེས་སུ་ནང་མི་ཞིག་ཡོད་པས་ཁོང་ལ་ཐུག་ཏུ་འགྲོ་རྒྱུ་ཡིན་ཞེས་བཤད་དེ་དཀར་མཛེས་སུ་ཕྱིན་པ་རེད་ཟེར། ཞོགས་པར་དཀར་མཛེས་དགོན་དུ་མཆོད་འབུལ་རྒྱས་པ་གནང་རྗེས་ཉེན་རྟོག་མི་སྣའི་ལས་ཁུངས་ཀྱི་ཐག་ཉེ་ཞིག་ཏུ་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་བ་དང་། ཉེན་རྟོག་མི་སྣས་མེ་བསད་དེ་བཙན་ཁྲིད་བྱས་ཤིང་། མང་ཚོགས་ཀྱིས་ཕྱིར་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན་པར་བརྟེན། ཕྱི་ཉིན་དེར་ནང་མི་རྣམས་ལ་བཙུན་མ་ཁོང་ཚེ་འདས་སུ་གྱུར་བའི་གནས་ཚུལ་ངོ་སྤྲོད་བྱས་ཡོད།།

ཡེ་ཤེས་མཁའ་འགྲོ་ལགས་ཀྱི་རང་ལུས་མེར་སྲེག་གི་ངོ་རྒོལ་ཐད་ཨ་རིའི་ནང་གི་ཚགས་པར་གྲགས་ཅན་ནེའུ་ཡོག་དུས་བབ་སོགས་བརྒྱུད་ལམ་མང་པོས་གནས་ཚུལ་སྤེལ་ཡོད་པ་དང་། ད་བར་བོད་ནང་གི་ཉུང་མཐར་ཡང་བོད་མི་༡༣༧་གྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་པ་རེད།།

XS
SM
MD
LG