ངོ་འཕྲད་བདེ་བའི་དྲ་འབྲེལ།

པེ་ཅིང་དུ་ཡོད་པའི་བོད་རིགས་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བོད་ནང་གི་རང་ལུས་མེར་སྲེག་གི་ངོ་རྒོལ་ཐད་བརྩམས་པའི་བོད་ཀྱི་མེ་སྦྱིན་བྱ་ཁྲུང་ཞུ་བའི་དཔེ་དེབ་ཅིག་ཐའེ་ཝན་དུ་པར་སྐྲུན་གནང་བའི་ཐད། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་དངོས་སུ་ཕེབས་ནས་གསུང་བཤད་གནང་མཁན་དང་། ཐའེ་ཝན་དུ་བཅའ་བཞུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

བོད་ཀྱི་མེ་སྦྱིན་བྱ་ཁྲུང་ཟེར་བའི་དཔེ་དེབ་ནང་བོད་མིས་ཅིའི་ཕྱིར་ངོ་རྒོལ་བྱེད་པ་དང་། ངོ་རྒོལ་དེ་རང་ལུས་མེར་སྲེག་གི་རྣམ་པར་འགྱུར་བའི་རྒྱུ་མཚན། བོད་མིས་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་པའི་གནས་ཚུལ། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཚུལ། ད་རུང་བོད་ལྗོངས་སུ་འགྲོ་སའི་ལམ་ཁར་ཡོད་པའི་ཞིབ་བཤེར་ས་ཚུགས་ངོ་སྤྲོད་བཅས་ནང་དོན་ཁག་འགའ་ཞིག་འཁོད་ཡོད་པ་རེད།།

དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་གསུམ་པའི་ཚེས་༢༢་ཉིན་འགྲེམ་སྤེལ་བྱས་པའི་དཔེ་དེབ་འདི་ནི། ཐའེ་ཝན་ནང་གི་བསམ་བློ་གསར་པ་སོགས་ཀྱི་དཔེ་དེབ་པར་སྐྲུན་ཁང་ཏ་ཁོས་ཟེར་བ་དེ་ཡིས་པར་སྐྲུན་བྱས་པ་དང་། དེབ་འདིའི་མདུན་ཤོག་ནི་རྒྱ་ནག་པེ་ཅིང་དུ་ཡོད་པའི་རི་མོ་བ་གྲགས་ཅན་ཨེ་ཝེ་ཝེ་ཡིས་ཇུས་འགོད་བྱས་ཤིང་། དྲི་མ་མེད་པའི་ལྷ་རྫས་ཁ་བཏགས་དཀར་པོའི་ངོས་སུ་རང་ལུས་མེར་སྲེག་གནང་མཁན་ཡོངས་ཀྱི་མཚན་བོད་ཡིག་ཏུ་བྲིས་ཏེ་མེ་ལྕེ་མཆེད་བཞིན་པའི་རྣམ་པ་ཞིག་གི་རི་མོ་བྲིས་ཡོད།།

དེབ་འདིའི་ཁ་བྱང་དུ་བོད་ཀྱི་མེ་སྦྱིན་བྱ་ཁྲུང་ཞུ་དོན་ནི། རྒྱ་ནག་གི་རིག་གཞུང་དུ་བྱ་ཁྲུང་ངམ་ཧྥིན་ཧུང་ཟེར་བ་ནི་བྱའི་རྒྱལ་བོར་ངོས་འཛིན་བྱེད་པ་དང་། བྱ་འབྲུག་ཁ་སྦྱོར་གྱི་རི་མོ་ནི་རྒྱལ་བོའི་མནའ་བཟའི་སྟེང་འགོད་པ་ཡིན་པས། གོང་དུ་བཀུར་བའི་བྱ་རིགས་ཤིག་ཡིན་ཞེས་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་ཡོད། དེར་མ་ཟད་ད་རུང་ཕྱི་རྒྱལ་གྱི་རིག་གཞུང་དུའང་བྱ་ཁྲུང་འདི་ཡིས་རང་ལུས་མེ་ལ་སྦྱིན་ཏེ་སྐྱེ་བ་གསར་པ་ཞིག་འཕོ་བའི་བཤད་སྲོལ་ཆེ་བས། བོད་ཀྱི་རང་ལུས་མེར་སྲེག་ངོ་རྒོལ་གནང་མཁན་གྱི་དགོངས་པ་གསལ་བོར་མཚོན་ཡོད་ཅེས་གསུངས་པ་རེད།། ཐའེ་ཝན་གྱི་ནང་དུ་བོད་ཀྱི་རང་ལུས་མེར་སྲེག་གི་ངོ་རྒོལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། དེབ་འདི་ཡིས་བོད་ཀྱི་གནས་སྟངས་སམ་ངོ་རྒོལ་གྱི་རྣམ་པ་འདིའི་གོ་དོན་རྟོགས་མེད་པའི་ཐའེ་ཝན་གྱི་ཀློག་པ་པོ་རྣམས་ལ་རྒྱུ་མཚན་དང་རྒྱབ་ལྗོངས་གསལ་བཤད་གནང་འདུག་ཅེས་དོན་གཅོད་ལགས་ཀྱིས་གསུངས་པ་རེད།།

XS
SM
MD
LG