ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨར་ཀན་སས་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་ཀྲོམ་ ཀོ་ཀྲོན་གྱིས་ཟིན་བྲིས་བྱས་ཤིང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གཞན་༤༦གིས་རྒྱབ་གཉེར་མིང་རྟགས་བཀོད་པའི་ཡོངས་གྲགས་ཀྱི་གྱི་ཡི་གེ་དེའི་ནང་ཨ་རི་མཉམ་ཞུགས་ཡོད་པའི་ཨི་རན་གྱི་རྡུལ་ཕྲན་སྐོར་གྱི་གྲོས་མཐུན་ལ་རྩ་ཁྲིམས་ཀྱི་དཀའ་ངལ་འཕྲད་ཉེན་ཡོད་པའི་སྐོར་ཨི་རན་གྱི་འགོ་ཁྲིད་ཚོར་བརྡ་སྤྲོད་དགོས་པ་ཡིན་ཞེས་བཀོད་ཡོད་པ་དང་། ཡི་གེ་དེའི་ནང་སྲིད་འཛིན་ཨོ་བྷ་མས་རྒྱལ་སྤྱིའི་གྲོས་མཐུན་འཇོག་རྒྱུར་གྲོས་མོལ་གནང་ཆོག་ཀྱང་། གྲོས་མཐུན་དེར་རྒྱབ་གཉེར་ངོས་ལེན་བྱ་རྒྱུར་གྲོས་ཚོགས་ཀྱིས་གལ་ཆེའི་ལས་འགན་འཁྱེར་དགོས་ཀྱི་ཡོད་པ་དང་། གྲོས་ཚོགས་དང་འཛིན་སྐྱོང་དབར་གྱི་གྲོས་མཐུན་ཞེས་པར་གྲོས་ཚོགས་གོང་འོག་གཉིས་ཀ་ནས་མང་མོས་རྒྱབ་སྐྱོར་ཐོབ་དགོས་པ་གསལ་ཡོད་ཅེས་བཀོད་ཡོད་པ་རེད། ཡི་གེ་དེས་ཨི་རན་གྱི་རྡུལ་ཕྲན་གོ་མཚོན་གྱི་ལས་འཆར་དང་འབྲེལ་བའི་གྲོས་མཐུན་ཇི་འདྲ་ཞིག་ཡིན་རུང་དེར་ཨ་རིའི་གྲོས་ཚོགས་ཀྱིས་མོས་མཐུན་དང་ངོས་ལེན་མེད་པར་དེ་འཛིན་སྐྱོང་གི་གྲོས་མཐུན་ཙམ་ཡིན་པས་མ་འོངས་པའི་སྲིད་འཛིན་གྱིས་ནུས་མེད་བཟོ་བའམ། ཡང་ན་གྲོས་ཚོགས་ཀྱིས་བསྐྱར་བཅོས་བྱེད་སྲིད་པ་ཡིན་ཞེས་ཉེན་བརྡ་བཏང་འདུག རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཨོ་བ་མ་ལ་ཡེ་གེ་དེའི་སྐོར་ལ་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས་ ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཨི་རན་ནང་གྲོས་མོལ་གྱི་བརྒྱུད་རིམ་ལ་ངོ་རྒོལ་བྱེད་མཁན་ཚོའི་མཉམ་དུ་དཔུང་སྒྲིག་བྱས་པ་རེད་ཅེས་གསུངས་འདུག

XS
SM
MD
LG