ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྔ་བ་ས་ཁུལ་དུ་རང་ལུས་མེར་སྲེག་དང་སྐད་འབོད་ཀྱི་ངོ་རྒོལ་བྱུང་བ།


མདོ་སྨད་རྔ་བ་ས་ཁུལ་དུ་བོད་རྒྱལ་ལོ་༢༡༤༢་གསར་དུ་བཞད་པའི་རྗེས་བུ་ཕྲུག་གསུམ་གྱི་ཨ་མ་ཡིན་པ་ནོར་ཕྱུག་ལགས་ཀྱིས་རང་ལུས་མེར་སྲེག་སྒོས་རྒྱ་ནག་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་གྲོངས་པ་དང་། རྔ་བ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་༧གོང་ས་མཆོག་བོད་ལ་ཕེབས་སུ་འཇུག་དགོས་ཞེས་སྐད་འབོད་གནང་བའི་ཐད་བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

ནོར་ཕྱུག་ལགས་ཀྱིས་ཕྱི་ཟླ་གསུམ་པའི་ཚེས་༥་དང་བོད་ཟླ་དང་པོའི་ཚེས་༡༥་ཉིན་གྱི་དགོང་མོར་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་སྤྱི་ཁང་དུ་རང་ལུས་མེར་སྲེག་གནང་སྟེ་གྲོངས་པ་དང་། སྐུ་ཕུང་རྒྱ་ནག་གཞུང་གིས་འཕྲོག་པར་དོགས་ནས་ཚེས་༦་ཉིན་གྱི་ཞོགས་པ་སྔ་མོར་ས་གནས་མི་མང་གིས་སྐུ་ཕུང་ཞུགས་འབུལ་གནང་ཡོད།། ནོར་ཕྱུག་ལགས་ནི་རང་ལོ་༤༧་ཡིན་པ་དང་། ཤུལ་དུ་ཁྱོ་ག་དང་བུ་བུ་མོ་གསུམ་ཡོད། འདི་ནི་རྔ་བ་རུ་རང་ལུས་མེར་སྲེག་སྒོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ཐེངས་༣༧་པ་དང་། རྔ་བ་ས་ཁུལ་གྱི་རང་ལུས་མེར་སྲེག་ངོ་རྒོལ་གནང་མཁན་བུད་མེད་ལྔ་བ། ཨ་མ་གཉིས་པ་དེ་ཆགས་ཡོད།།

དེ་བཞིན་དུ་ཕྱི་ཟླ་༣་ཚེས་བརྒྱད་དེ་གཟའ་ཉི་མའི་ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་ཁ་བཏགས་སེར་པོ་བཀལ་བའི་༧གོང་ས་མཆོག་གི་སྐུ་པར་ཞིག་བཏེགས་ཏེ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས་ཞེས་སྐད་འབོད་གོམ་བགྲོད་གནང་བ་དང་། རྒྱ་ནག་གི་བདེ་སྲུང་མི་སྣས་ཅང་མ་འགོར་བར་ཁོང་བཙན་ཁྲིད་བྱས་པ་རེད།།

ཕྱི་ལོ་༢༠༡༤་ནང་དགེ་འདུན་པ་གཉིས་ཀྱིས་རྔ་བ་ས་ཁུལ་དུ་དེ་བཞིན་གྱི་སྐད་འབོད་གནང་བ་དང་། གཉིས་ཀར་ལོ་གསུམ་ཡས་མས་ཀྱི་ཁྲིམས་ཐག་བཅད་པ་རེད། དགེ་འདུན་ཕུན་ཚོགས་ལགས་ནི་རང་ལོ་༡༨་ལ་སོན་ཡོད་པ་དང་། ཆུང་དུས་ནས་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཡོད། ད་ལྟ་གར་ཡོད་ཀྱི་གནས་སྟངས་སོགས་གང་ཡང་ཤེས་མེད།།

དོན་རྐྱེན་འདི་གཉིས་ཀྱི་རྗེས་སུ་རྔ་བ་ས་ཁུལ་དུ་ཉེན་རྟོག་མི་སྣ་སོགས་མང་པོ་ཞིག་བཀོད་སྒྲིག་བྱས་དང་བྱེད་མུས་ཡིན་པ་དང་། དེ་ནི་གསུམ་བཅུ་དུས་དྲན་དང་བསྟུན་ནས་གོ་སྒྲིག་བྱས་པ་ཡིན་མིན་ཤེས་རྟོགས་མེད།།

XS
SM
MD
LG