ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་བ་མཇུག་བསྒྲིལ་བ།


རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་བ་དེ་ཕྱི་ཟླ་གཉིས་པའི་ཚེས་༩་ནས་༡༤་བར་འཚོགས་པའི་ཐད་ཚོགས་ཆེན་དེ་གོ་སྒྲིག་ཞུ་མཁན་བོད་རིགས་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་གི་གཅོད་པ་སྐྱབས་ལགས་དང་བགྲོ་གླེང་ཞུས་པ་ཡིན།།

ཕྱི་ཟླ་གཉིས་པའི་ཚེས་༡༦་ཉིན་གྱི་ཕ་ཡུལ་གླེང་སྟེགས་ལས་རིམ་ནང་ཉིན་དྲུག་རིང་གི་ཚོགས་ཆེན་དེའི་སྐོར་ནས་བགྲོ་གླེང་ཞུས་པའི་སྐབས་སུ། གཅོད་པ་སྐྱབས་ལགས་ཀྱིས་ངོ་སྤྲོད་བྱས་དོན་ལ། བོད་རིགས་མཐོ་རིམ་སློབ་མའི་ས་གནས་ཁག་མི་འདྲ་བ་༢༢་ནས་བོད་རིགས་མཐོ་རིམ་སློབ་གཉེར་བ་༨༠་ལྷག་མཉམ་ཞུགས་གནང་བ་དང་། བརྗོད་བྱ་ཆེ་བ་གཉིས་སམ་ཆུང་བ་བཅུ་བཞིའི་ཐད་བགྲོ་གླེང་ཞུས་པ་ཡིན་ཟེར།།

དེ་བཞིན་དུ་ཚོགས་འདུ་འདི་རིགས་ལེགས་པོ་ཡོང་ཆེད། ད་ལོར་བོད་རིགས་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་ཞིག་ཚུགས་པ་དང་། ཚོགས་ཆུང་འདི་ཡིས་རིང་མིན་དྲ་ཚིགས་ཤིག་དང་། ངོ་དེབ་ཀྱི་ཁ་བྱང་ཞིག་བཟོས་ནས་ཁྱབ་སྒྲོག་དང་འབྲེལ་མཐུད་ཤུགས་ཆེ་ཙམ་བྱ་འཆར་ཡོད་པ་རེད།།

ཚོགས་འདུ་འདིའི་ཐོག་གྲོས་གཞི་མང་པོ་ཞིག་བཏོན་པའི་ཁོངས་སུ། བཙན་བྱོལ་བོད་མི་རེ་རེའི་ངོས་ནས་ཧིན་སྒོར་མོ་༥༠་རེ་ཞལ་འདེབས་གནང་སྟེ། བོད་རིགས་སློབ་མའི་ཁོངས་ནས་འབུམ་རམས་པ་དོན་དུ་གཉེར་མཁན་རྣམས་ལ་སློབ་ཡོན་སོགས་ཀྱི་རོགས་སྐྱོར་བྱ་རྒྱུའང་འཁོད་ཡོད་པ་རེད། ནང་དོན་རྒྱས་པ་བགྲོ་གླེང་དེར་གསན་པར་ཞུ།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG