ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལྷོ་ཕྱོགས་སུ་རྒྱལ་གཅེས་དཔའ་བོའི་རྡོ་རིང་ཞལ་འབྱེད་གནང་བ།


ཕྱི་ཟླ་གཉིས་པའི་ཚེས་༡༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་གྲོང་དང་པོར་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་བཞེངས་པའི་རྒྱལ་གཅེས་དཔའ་བོའི་རྡོ་རིང་ཞལ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་པ་དང་། རྡོ་རིང་དེ་ནི་ལག་པ་གཡས་པ་བར་སྣང་ལ་བསྒྲེངས་པ་ཞིག་གི་མཁྲིག་མའི་ཐོག་མཐུན་སྒྲིལ་གྱི་ཐུ་གུ་ཡོད་ལ། ལག་ངར་སྟེང་མེ་ལྕེ་མཆེད་བཞིན་པ་ཞིག་ཡིན་པ་རེད། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་གཙོ་འདན་མ་ལགས་ཀྱིས་རྡོ་རིང་བཞེངས་དོན་ནི། སྐུ་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་ཞུ་བའི་ཆེད་དང་། དམིགས་བསལ་བོད་ཀྱི་གཞས་པ་རྣམས་ཀྱིས་འགན་ཁུར་ནས་ལས་ཀ་བྱ་རྒྱུ་གལ་ཆེན་དུ་དམིགས་པ་ཞིག་ཡིན་ཞེས་བརྗོད་ཡོད།།

རྒྱལ་གཅེས་དཔའ་བོའི་རྡོ་རིང་ཞལ་འབྱེད་ཀྱི་མཛད་སྒོའི་སྒུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་ཤག་གི་སྐུ་ཚབ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་མགོ་དང་བདེ་སྐྱིད་སླར་གསོའི་གཞིས་མགོ་རྣམ་གཉིས། དེ་བཞིན། སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ། ས་གནས་སྐྱ་སེར་མི་མང་བཅས་ལྷན་འཛོམས་གནང་ཡོད་འདུག

བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་སློབ་སྟོན་པ་ཟླ་བ་རིན་ཆེན་ལགས་ཀྱིས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚང་མས་རང་དབང་གི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་ཚེ་སྲོག་བློས་བཏང་དང་གཏོང་བཞིན་པ་རེད། བློས་བཏང་དེ་ཚོ་ང་ཚོས་རྩ་བ་ནས་བརྗེད་རྒྱུ་མེད་པར་བཀའ་དྲིན་རྗེས་དྲན་དང་གླུ་གཞས་ཀྱི་ལམ་ནས་མ་འོངས་པའི་མི་རབས་ལ་སེམས་ཤུགས་སྤར་ཐབས་དང་མིག་དཔེ་སྟོན་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་ཡོད།

བཀའ་ཤག་གི་སྐུ་ཚབ་ཀྱིས་རྡོ་རིང་མཛད་སྒོ་ལ་ཆེད་དུ་གནང་བའི་བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང་དོན་དུ། རྒྱལ་གཅེས་དཔའ་བོའི་རྡོ་རིང་ལེགས་པར་གྲུབ་པར་བཀའ་ཤག་ནས་ལེགས་སོའི་བསྔགས་བརྗོད་དང་འཚམས་འདྲི་ཞུས་པ་དང་། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་དང་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རྣམས་རང་ཅག་སེར་སྐྱ་རྒན་གཞོན་ཡོངས་ནས་སྙིང་དབུས་སུ་བཅངས་ཏེ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་དུ་མུ་མཐུད་ལྷག་བསམ་ཆེར་བསྐྱེད་ཀྱིས་འབད་རྩོལ་ལྷོད་མེད་བྱ་དགོས་པའི་གོ་རྟོགས་གཏིང་ཟབ་སྤེལ་ཐུབ་པའི་རེ་བ་ཡོད་ཅེས་སྒྲོག་སྦྱངས་གནང་སོང་།།

དེ་ནས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱིར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དྷ་རམ་ས་ལར་རྡོ་རིང་གཅིག་བཞེངས་ཡོད་པ་རེད། དེ་རིང་འདིར་རོལ་དབྱངས་མཐུན་ཚོགས་ཀྱིས་སྦེལ་ཀོབ་གཞིས་ཆགས་ལ་གཅིག་བཞེངས་པ་རེད། དེ་བཞིན་མ་འོངས་པར་གཞིས་ཆགས་ཚང་མར་རྡོ་རིང་རེ་བཞེངས་ཐུབ་ན་ཡག་པོ་ཡོད་རེད་ཅེས་གསུངས་ཡོད།།

བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་གཞས་པ་རྣམས་ཀྱིས་དཔའ་བོ་རྗེས་དྲན་ཞེས་པའི་མཉམ་གཞས་དང་བཅས་མཛད་སྒོ་དེ་མཇུག་བསྒྲིལ་ཡོད་པ་རེད།

XS
SM
MD
LG