ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱིས་རྒྱ་ནག་དང་འབྲེལ་བའི་ཐད་གྲོས་མོལ་བྱེད་མཁན་གཙོ་བོ་ཞིག་དགོངས་ཞུ་བྱས་ཡོད་པ།


ཐེ་ཝན་གྱི་ཕྱོགས་ནས་རྒྱ་ནག་སྐམ་ས་དང་འབྲེལ་མོལ་བྱེད་མཁན་གཙོ་བོ་ཞིག སོ་ཉུལ་གྱི་རྙོག་གླེང་དང་འབྲེལ་བའི་ཐོག་ནས་དགོངས་ཞུ་བྱས་ཡོད་ཅིང་། དེ་ཡང་། ཝང་ ཡུ་ཅཱི་ནི། ཐེ་ཝན་གྱི་རྒྱ་ནག་སྐམ་སའི་ལས་དོན་ལྷན་ཁང་གི་འགན་འཛིན་ཡིན་པ་དང་། ཁོང་གིས། རང་གི་གཤམ་འོག་འགན་འཛིན་གཞོན་པ་ཅཱང་ སིའན་ཡཱའོ་ཡིས། གཞུང་གི་གསང་བའི་གནས་ཚུལ་མང་པོ་རྒྱ་ནག་གཞུང་ལ་སྤྲད་ཡོད་པའི་སྐྱོན་འཛུགས་བྱས་པར། གཞུང་གི་གྱོད་འཛུགས་ཁྲིམས་རྩོད་པ་ཚོས་བདག་སྤྲོད་མ་བྱས་སྟབས། དེ་ལ་ངོ་རྒོལ་གྱི་ཚུལ་དུ་དགོངས་ཞུ་བྱས་པ་ཞིག་ཡིན་པ་རེད། འགན་འཛིན་གཞོན་པས་དེ་འདྲ་གཏན་ནས་བྱེད་རྒྱུ་མ་བྱུང་ཞེས་བརྗོད་ཀྱི་ཡོད་པ་དང་། གཟའ་མིག་དམར་ཉིན། ཐེ་ཝན་གཞུང་གི་གྱོད་འཛུགས་ཁྲིམས་རྩོད་པ་ཚོས་ཀྱང་། དཔང་རྟགས་ངེས་ཅན་མེད་ལུགས་བརྗོད་དེ། གྱོད་གཞི་དེ་ལ་བདག་སྤྲོད་བྱས་མེད་པ་རེད། དེ་རྗེས་ཝང་ ཡུ་ཅཱི་ཡིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། གཞུང་གི་གྱོད་འཛུགས་ཁྲིམས་རྩོད་པ་ཚོའི་ཐག་གཅོད་དེ་ལ་མོས་མཐུན་གཏན་ནས་མེད་ལུགས་བརྗོད་པ་དང་འབྲེལ། རང་གི་ཕྱོགས་ནས་ཅཱང་གི་བྱས་ཉེས་དེ་ཚོ་འཐེར་འདོན་དང་། ཁུངས་སྐྱེལ་ཐུབ་པའི་གནས་ཚུལ་ལྡེང་ངེས་གྱོད་འཛུགས་ཁྲིམས་རྩོད་པ་ཚོར་སྤྲད་ཡོད་ཀྱང་། ད་དུང་དེ་ལ་བདག་སྤྲོད་མ་བྱས་པར། བློ་ཕམ་ཧ་ཅང་ཆེན་པོ་བྱུང་ཞེས་བརྗོད་དེ། དགོངས་ཞུ་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།།

XS
SM
MD
LG