ངོ་འཕྲད་བདེ་བའི་དྲ་འབྲེལ།

༢༠༡༤་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་གནས་ཚུལ་གལ་ཆེན་ཁག


བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱུགས་ཆེ་ཤོས་ཀྱི་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གཉིས་ཀྱིས་ཕྱི་ལོ་༢༠༡༤་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་གནས་ཚུལ་ཆེ་ཁག་འདེམ་གསེས་བྱས་པ་ལྟར་ན། ལོ་སྔོན་མའི་ནང་གི་གསར་འགྱུར་གལ་ཆེ་ཁག་ནི། ཕྱི་ཟླ་བཅུ་གཉིས་པའི་ནང་༧གོང་ས་མཆོག་ཨི་ཊ་ལིའི་རྒྱལ་ས་རོམ་དུ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་འཛམ་གླིང་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་གསུང་བཤད་གནང་བ་དང་། ཕྱི་ལོ་༢༠༡༤་དེ་ནི་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ཉིན་མོར་སྲུང་བརྩི་བྱེད་ཀི་ཡོད་པ་ལྟར། ཕྱི་ཟླ་ ༡༠ ཚེས་ ༢ ཉིན་གྷན་དྷིའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་དྷ་རམ་ས་ལར་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ ༢༥ འཁོར་བའི་དུས་སྟོན་སྲུང་གཙི་ཞུས་པ། ཕྱི་ཟླ་༧ པའི་ནང་༧གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་༣༣ པ་དེ་གནང་བ་དང་། བོད་དང་རྒྱ་ནག དེ་བཞིན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཆོས་ཞུ་བ་ཆིག་འབུམ་ཉིས་ཁྲི་ལྷག་འདུ་འཛོམས་བྱུང་བ། ཕྱི་ཟླ་༡༠ ཚེས་༢༠ ཉིན་རྒྱ་གར་དབུས་ནང་སྲིད་ལྷན་ཁང་གིས། ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྤྲོད་ཕྱོགས་ཀྱི་སྲིད་ཇུས་ཞེས་པའི་གཏན་འབེབས་ཡིག་ཆ་ཞིག་བཟོས་པའི་ནང་། རྒྱ་གར་གཞུང་གིས་མང་ཚོགས་བདེ་དོན་དང་འབྲེལ་བའི་ལས་འཆར་གང་ཞིག་སྤེལ་ཡང་། བོད་མི་སྐྱབས་བཅོལ་ལག་དེབ་RC ཡོད་མཁན་ཡོངས་ཀྱིས་རྒྱ་གར་ཡུལ་མི་དང་ཐོབ་ཐང་གཅིག་མཚུངས་ལེན་ཆོག་སྐོར་འཁོད་ཡོད་པ། ཕྱི་ཟླ་བཅུ་བའི་ནང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་འཚོགས་པའི་དུས་རབས་ཉེར་གཅིག་གི་གླེང་སྟེགས་སུ་མཉམ་ཞུགས་གནང་སྟེ་བོད་ནང་གི་རང་ལུས་མེར་སྲེག་སྐོར་ལ་གཏམ་བཤད་གནང་བ། ཕྱི་ཟླ་བརྒྱད་པའི་ནང་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༥ པ་འཚོགས་ཏེ་གྲོས་ཆོད་བཞག་པ་དང་། གཞོན་ནུ་ལྷན་ཚོགས་ཀྱི་ཁོངས་ནས་མ་བསྡད་པའི་ས་གནས་ཁག་བརྒྱད་ཀྱི་གཞོན་ལྷན་གྱིས་གྲོས་ཆོད་དེ་ངོས་ལེན་མ་བྱས་པ། ཕྱི་ཟླ་དགུ་བར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༨ པའི་སྟེང་། ཤེས་རིག་བཀའ་བློན་གྱིས་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་བའི་ནང་། ལོ་འདིར་བོད་པའི་སློབ་ཕྲུག་རྣམས་ལ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢ དང་། འཛིན་རིམ་༡༠ བའི་ཡིག་རྒྱུགས་ཀྱི་སྐར་འབྲས་མཐོན་པོ་རེག་ཡོད་པ་སོགས་གསར་འགྱུར་གལ་ཆེ་ཤོས་གྲངས་སུ་བགྲངས་ཡོད།།

XS
SM
MD
LG