ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟླ་༡༢ ཚེས་༢༢ རེས་གཟའ་ཟླ་བའི་ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་བཞི་བ་ཙམ་ལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཁྲོམ་ལམ་དུ་རང་ལོ་༡༩ ཡིན་པའི་བུ་མོ་ཚེ་པེ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་ནས་ས་གནས་དེ་གར་འདས་གྲོངས་སུ་གྱུར་འདུག་ཅིང་། གནས་ཚུལ་དེ་བྱུང་མ་ཐག་ཉེན་རྟོག་པས་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

ཚེ་པེ་ནི་རྔ་བ་ཁུལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་བཞི་བའི་འཆི་རྡོར་ཚང་གི་ཕ་འཆི་རྡོར་༼འཆི་མེད་རྡོ་རྗེ་༽དང་། མ་ཅེན་དཔའ་གཉིས་ལ་བུ་བུ་མོ་དྲུག་ཡོད་པའི་ནང་གི་བཞི་པ་ཡིན་ཅིང་། སློབ་གྲྭར་འགྲོ་བའི་གོ་སྐབས་ཐོབ་མྱོང་མེད་པས་ཆུང་དུས་ནས་འབྲོག་པའི་འཚོ་བ་བསྐྱལ་ནས་འཚར་ལོངས་བྱུང་བ་ཞིག་ཡིན་པ་དང་། ཀུན་ཀྱིས་བསྟོད་བསྔགས་བྱེད་སའི་གཞུང་དྲང་གཤིས་འཇམ་གྱི་བུ་མོ་ཡ་རབས་ཤིག་ཡིན་སྐོར་གནས་ཚུལ་ཡོང་ཁུངས་ཀྱིས་འགྲེལ་བརྗོད་གནང་འདུག

ད་ལྟའི་ཆར་ཚེ་པེ་ལགས་རང་སྲེག་ངོ་རྒོལ་གནང་སར་འདས་གྲོངས་སུ་གྱུར་ཡོད་པ་ཁ་གསལ་ཡིན་ནའང། ཉེན་རྟོག་པས་བཙན་ཁྱེར་བྱས་རྗེས་ཚེ་པེ་ལགས་ཀྱི་ནང་མི་ཡང་ཉེན་རྟོག་ལས་ཁུངས་སུ་འབོད་འགུགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་བཀག་ཉར་བྱས་ཡོད་མེད་དང་སྐུ་ཕུང་ཚུར་སྤྲོད་བྱས་ཡོད་མེད་སོགས་གནས་ཚུལ་ཁ་གསལ་མི་འདུག

XS
SM
MD
LG