ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་སྤྲོད་རྒྱུར་ཞཱི་ཅིང་ཕིང་ལ་འགོག་རྐྱེན་འཕྲད་ཀྱི་ཡོད་པ།


རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་གིས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་སྤྲོད་རྒྱུའི་ཐད་གྲོས་མོལ་བྱ་རྒྱུའི་འདོད་པ་ཡོད་པའི་རྣམ་པ་ཞིག་འཐོན་བཞིན་པ་ཡིན་ནའང་། རྒྱ་ནག་གཞུང་གི་ནང་མཁྲེགས་འཛིན་ཅན་མང་པོ་ཡོད་པ་དེ་དག་གི་ཕྱོགས་ནས་ཁོང་ལ་འགོག་རྐྱེན་འཕྲད་ཀྱི་ཡོད་བཟོ་འདུག་ཅེས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པར་བཀའ་གནང་ཡོད་འདུག དེ་ཡང་། ཕྷི་རན་སེ་༢༤ཞེས་པའི་ཕྷི་རན་སེ་ཡུལ་གྱི་བརྙན་འཕྲིན་ཁང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུས་པའི་གནས་ཚུལ་ཞིག་གཟའ་ལྷག་པའི་ཉིན་རྒྱང་སྲིང་བྱས་ཡོད་པ་དེའི་ནང་། མགོན་པོ་མཆོག་གིས། ཉེ་དུས་ཕྷི་རན་སེ་ནང་ཞཱི་ཅིང་ཕིང་གིས་རྒྱ་ནག་གི་རིག་གཞུང་དང་རྒྱུན་སྲོལ་མི་ཉམས་དར་འཕེལ་འགྲོ་རྒྱུར་ནང་ཆོས་ཀྱིས་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་རྒྱུ་ཡིན་པའི་གཏམ་བཤད་བྱས་ཡོད་པ་དེ་ནི། དེ་ཕན་རྒྱ་ནག་གི་འགོ་ཁྲིད་སུ་ཞིག་གིས་ཀྱང་བྱེད་མྱོང་མེད་པའི་གཏམ་བཤད་གསར་པ་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་ལུགས་བཀའ་གནང་བ་དང་འབྲེལ། དེ་མིན་ད་དུང་ཉེ་ལམ་ཞཱི་ཅིང་ཕིང་གིས་ལས་དོན་བྱེད་ཕྱོགས་འགའ་ཞིག་བཅས་ལ་བལྟས་པ་ཡིན་ན། ཁོང་ནི་དོན་དངོས་ལ་བསམ་གཞིགས་བྱེད་ཐུབ་མཁན་ཞིག་ཡིན་པའི་རྣམ་པ་འདུག་ཅེས་བཀའ་གནང་ཡོད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་མོལ་དེ་ལ་ རྒྱ་ནག་གི་ཕྱི་སྲིད་ཁང་གི་མགྲིན་ཚབ་པས་གཟའ་ལྷག་པའི་ཉིན་སྐྱོན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG