ངོ་འཕྲད་བདེ་བའི་དྲ་འབྲེལ།

ནན་ཅིང་དམར་བསད་ཀྱི་དྲན་གསོར་ཞཱི་ཅིང་ཕིང་གིས་ཉི་ཧོང་ལ་བརྡ་བཟང་ངན་གཉིས་ཀ་བཏང་།


རྒྱ་ནག་གི་ནན་ཅིང་གྲོང་ཁྱེར་ནང་། དེ་སྔ་ཉི་ཧོང་གི་དམག་མིས་རྒྱ་མི་མང་པོ་དམར་བསད་བཏང་བའི་དོན་རྐྱེན་བྱུང་སྟེ་ལོ་ངོ་བདུན་ཅུ་དོན་བདུན་འཁོར་བའི་དུས་དྲན་གྱི་ཉིན་མོར། རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་གིས་གཏམ་བཤད་བྱས་ཏེ། ང་ཚོས་འདས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ལ་དྲན་གསོ་དང་། ལོ་རྒྱུས་ལ་འཁྱོག་བཤད་བྱེད་མཁན་ལ་ངོ་རྒོལ་བྱེད་དགོས་པ་ཡིན་ཞེས་བརྗོད་པ་དང་ཆབས་ཅིག ད་ལྟའི་དུས་སྐབས་འདིར་རྒྱ་ནག་གིས་ཉི་ཧོང་དང་འབྲེལ་བ་ཡག་པོ་འཛུགས་རྒྱུ་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད་པའི་རང་གི་སྲིད་བྱུས་དེ་ཡང་ནན་བརྗོད་བྱས་ཡོད་པ་རེད། དེའི་ཐད་ཞཱི་ཅིང་ཕིང་གིས་མུ་མཐུད་དེ། རྒྱ་ནག་དང་ཉི་ཧོང་གི་མི་དམངས་ཀྱིས་མཛའ་མཐུན་གྱི་འབྲེལ་བ་བཟང་པོ་མི་ཐོག་ནས་མི་ཐོག་རྒྱུན་འཛིན་ངེས་པར་དུ་བྱེད་དགོས་ཀྱི་རེད་ཅེས་དང་། དམག་ཤེད་ཅན་མི་ཉུང་ཤས་ཤིག་གིས་བཙན་གནོན་གྱི་དམག་འཁྲུག་འགོ་འཛུགས་བྱས་པར་བརྟེན་ནས་ང་ཚོས་ཉི་ཧོང་གི་མི་ཡོངས་རྫོགས་ལ་མི་དགའ་བའི་འཁོན་འཛིན་བཅངས་ན་འགྲིགས་ཀྱི་མ་རེད་ཅེས་བརྗོད་ཡོད་པ་རེད། འདི་ཟླའི་ཚེས་བཅུ་གསུམ་ཉིན་སྤེལ་བའི་ནན་ཅིང་གི་དོན་རྐྱེན་གྱི་དྲན་གསོའི་ཉིན་མོ་དེ་ནི། རྒྱ་ནག་གཞུང་གིས། ཉིན་དེ། རྒྱལ་ཡོངས་མྱ་ངན་གྱི་ཉིན་མོར་ངོས་འཛིན་བྱས་ཏེ་གཞུང་འབྲེལ་གྱི་ཐོག་ནས་སྲུང་བརྩི་བྱས་པ་ཐོག་མ་དེ་ཡང་ཡིན་པ་རེད།།

XS
SM
MD
LG