ངོ་འཕྲད་བདེ་བའི་དྲ་འབྲེལ།


སྤྱི་ལོ་༢༠༡༢ལོའི་ལོ་མཇུག་ལ་འཛིན་བཟུང་བཀག་ཉར་བྱས་ཏེ་ལོ་ངོ་གཉིས་དང་ཕྱེད་ཀའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་རེབ་ཀོང་ས་གནས་སློབ་འབྲིང་གི་སློབ་ཕྲུག་རྡོ་རྗེ་ལགས་ཁ་ས་ཚེས་༢་ཉིན་གློད་བཀྲོལ་བྱུང་སྟེ་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་འདུག

སྤྱི་ལོ་༢༠༡༢ཟླ་ ༡༡ ནང་བོད་མདོ་སྨད་རེབ་གོང་དུ་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་ལ་ངོ་རྒོལ་བྱ་རྒྱུར་རང་ལུས་མེར་སྲེག་བཏང་བ་རིམ་པར་བྱུང་བའི་སྐབས། རྒྱ་གཞུང་གིས་རེབ་གོང་ས་ཁུལ་གྱི་སྐྱ་སེར་མང་པོ་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ལྟར། སྐབས་དེ་དུས་བཙན་ཁྲིད་བྱས་ཡོད་པའི་སློབ་ཕྲུག་རྡོ་རྗེ་ལགས་ལ་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་དང་འབྲེལ་བ་ཡོད་པ་དང་ ༼གངས་སྲོལ་རྒྱུན་རིག་གནས་ཞབས་ཞུ་ཚོགས་པ༽་ཞེས་པ་ཁྲིམས་འགལ་གྱི་ཚོགས་པ་བཙུགས་པའི་ཉེས་མིང་བཀལ་ཏེ་འོག ལོ་༢ དང་ཕྱེད་ཀའི་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པ་རེད།

༼གངས་སྲོལ་རྒྱུན་རིག་གནས་ཞབས་ཞུ་༽ཚོགས་པའི་ཚོགས་གཞོན་རྡོ་རྗེ་ལགས་འཛིན་བཟུང་མ་བྱས་པའི་ཟླ་གཅིག་གི་སྔོན་ལ། གངས སྲོལ་རྒྱུན་རིག་གནས་ཞབས་ཞུ་ཚོགས་པའི་སྲོལ་རྒྱུན་རིག་གནས་འགྲེམ་སྤེལ་ལས་འགུལ་སྐབས་དང་པོ་ཞེས་པ་འཚོགས་ཏེ་རེབ་གོང་ཕྱོགས་སུ། ཁོང་དང་མཉམ་དུ་མཉམ་ལས་བྱེད་མཁན་བོད་ཀྱི་ན་གཞོན་ཚོས། རྩ་ཐང་དུ་བོད་ཀྱི་གནའ་བོའི་སྦྲ་གུར་ཕུག་པ་དང་། སྦྲ་ནག་ནང་གི་བོད་ཀྱི་སྲོལ་རྒྱུན་འཚོ་བ་མཚོན་པའི་ཅ་ལག་སྒྲིག་གཤེམས་བྱེད་པ། དེ་བཞིན་ན་གཞོན་ཚོས་ལུས་སུ་བོད་ཆས་སྤྲས་ཤིང་འབྲོག་པའི་འཚོ་བ་སྐྱེལ་སྲོལ་གྱི་རྣམ་པས་བོད་ཀྱི་སྲོལ་རྒྱུན་འཚོ་བ་འགྲེམས་སྟོན་གྱི་ལས་འགུལ་སྤེལ་ཡོད་པ་རེད། ཁོང་ཚོས་བོད་མིའི་སྲོལ་རྒྱུན་རིག་གནས་དང་འཚོ་བ་སྐྱེལ་སྟངས་རྒྱུན་འཛིན་དང་འགྲེམས་སྟོན་གྱི་ལས་འགུལ་འདི་ལ་བོད་མི་ཚོས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། ཡང་རྡོ་རྗེ་ལགས་ནི་རྒྱུན་དུ་རྩོམ་ཡིག་དང་བསམ་ཚུལ་མང་པོ་སྤེལ་མཁན་ཞིག་རེད་ལ། ཁོང་འཛིན་བཟུང་མ་བྱས་་སྔོན་དེར་གངས་བོད་མིའི་འོས་འགན་ཞེས་པའི་རྩོམ་ཞིག་ཀྱང་བྲིས་ཡོད་པ་རེད།

གནས་ཚུལ་མཁོ་སྤྲོད་པ་ཚོས་བརྗོད་ན་གློད་འཀྲོལ་ཐོབ་པའི་རྡོ་རྗེ་ལགས་མུ་མཐུད་སློབ་གྲྭ་འགྲིམས་རྒྱུའི་གོ་སྐབས་མེད་པ་དང་། ཁོང་འཛིན་བཟུང་བྱེད་སྐབས་ལོ་ན་ཧ་ཅང་ཆུང་བའི་དམའ་འབྲིང་སློབ་ཕྲུག་ཞིག་ཡིན་པ་རེད།

XS
SM
MD
LG