ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འགྲོ་བ་མིའིི་ཁྱིམ་ཚང་གི་ཆ་ཤས་དབུལ་ཕོངས་ཉམ་ཐག་རྣམས་ལ་རོགས་རམ་བྱ་རྒྱུའི་བྱ་ཐབས།


ལྷོ་ཨ་མི་རི་ཀའི་ཡུལ་གྲུ་པུ་རུ་ཡི་རྒྱལ་ས་ལཱི་མའི་ནང་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་གནང་བའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད། རྒྱལ་སྤྱིའི་ལྷན་ཚོགས་ཤིག་ རེས་གཟའ་ཟླ་བའི་ཉིན་ནས་འགོ་འཛུགས་བྱས་ཡོད་པ་དང་། དུས་ཡུན་གཟའ་འཁོར་གཉིས་ཀྱི་རིང་འཚོག་རྒྱུའི་ཚོགས་འདུ་དེར་ཚོགས་ཞུགས་བྱ་རྒྱུའི་ཆེད་དུ། ད་ལྟ་ཡུལ་དེའི་ནང་། རྒྱལ་ཁབ་ཁག་གི་སྐུ་ཚབ་འཐུས་མི་ཧ་ཅང་མང་པོ་ཕེབས་འབྱོར་གནང་ཡོད་པ་རེད། ཚོགས་འདུ་དེའི་ཐོག་གྲོས་བསྡུར་བྱ་རྒྱུའི་གནད་དོན་གཙོ་བོ་གཅིག་ནི། མཁའ་རླུང་འབག་བཙོག་བཟོ་གཞིའི་དུ་ལྷང་གི་རིགས་ཉུང་འཕྲི་བྱ་རྒྱུའི་གནད་དོན་དེ་ཡིན་ཞིང་། དུ་ལྷང་དེ་རིགས་མཁའ་དབྱིངས་ལ་བཏང་བར་བརྟེན་ནས་དྲོད་ཚད་རྒྱས་པ་སོགས། འཛམ་གླིང་གི་གནམ་གཤིས་ལ་འགྱུར་བ་ཆེན་པོ་འགྲོ་བའི་དཀའ་ངལ་འདི་རིགས་བྱུང་བ་ཞིག་ཡིན་པས། གནད་དོན་འདིའི་ཐད་ད་རེས་ཚོགས་ཞུགས་རྣམས་ཀྱིས་གྲོས་མཐུན་གྱི་ཟིན་བྲིས་ཤིག་གཏན་འབེབས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། དེར་བརྟེན། དབུལ་ཕོངས་ཉམ་ཐག་ལ་རོགས་རམ་བྱེད་མཁན་ཚོགས་པ་ཁག་གིས། ད་རེས་ཀྱི་ཚོགས་འདུ་དེའི་ཐོག་ཚོགས་ཞུགས་རྣམས་གྲོས་བསྡུར་བྱེད་པའི་སྐབས་སུ། གནམ་གཤིས་འགྱུར་བ་ཕྱིན་པའི་རྐྱེན་གྱིས་དཀའ་ངལ་ཆེ་ཤོས་འཕྲད་མཁན། དབུལ་ཕོངས་ཉམ་ཐག་རྣམས་ཀྱི་དཀའ་ངལ་སེལ་རྒྱུའི་ཐད་ལ་བསམ་གཞིགས་ངེས་པར་དུ་བྱེད་དགོས་པ་ཡིན་ཞེས་ཞུ་བསྐུལ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG