ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་དྷ་རམ་ས་ལའི་ཉེ་འདབས་དཔལ་ལྡན་བསྟོད་བརྒྱུད་གྲ་ཚང་གིས་རྗེ་རིན་པོ་ཆེས་འགྲེལ་བ་བཞི་སྦྲགས་མཛད་ནས་ལོ་དྲུག་བརྒྱ་འཁོར་བའི་དུས་ཚིགས་དྲན་གསོ་དང་སྦྲགས་དཔལ་གསང་བ་བསྡུས་པའི་གཞུང་གསང་བ་སྔགས་ཀྱི་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་འདུག་པ་དང་། བགྲོ་གླེང་ཚོགས་འདུའི་དབུ་འབྱེད་ཚོགས་མགོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བླ་མའི་བཀྲིན་དྲན་གསོ་བྱེད་པའི་དགོས་དོན་གཙོ་བོ་སངས་རྒྱས་ཀྱི་བསྟན་པའི་ཉམས་ལེན་ཚུལ་བཞིན་བྱེད་ཐུབ་པ་དགོས་པ་ཡིན་ཞེས་གསུངས་འདུག་པ་དང་། བགྲོ་གླེང་ཚོགས་འདུ་དེར་གདན་ས་གསུམ་དང་རྒྱུད་སྟོད་གྲྭ་ཚང་། ར་སྟོད་གྲྭ་ཚང་བཅས་ནས་དགེ་བཤེས་བཅུ་གཉིས་ཀྱིས་དཔལ་གསང་བ་བསྡུས་པའི་རྩ་བརྒྱུད་ལ་ཞིབ་འཇུག་གི་རྩོམ་ཡིག་སྤེལ་བར་སོ་སོའི་དཔྱད་པའི་གྲུབ་དོན་རྣམས་སྙན་གསེང་ཞུས་ཤིང་། བགྲོ་གླེང་ག་བར་མཚམས་སོ་སོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་ཚུལ་གསུངས་པའི་བརྒྱུད་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་མཁས་པ་ཚོར་ལེགས་བཤད་ཀྱི་གསུང་དབྱུང་གནང་འདུག ད་ལམ་གྱི་བགྲོ་གླེང་ཚོགས་འདུ་དེ་གསང་བ་སྔགས་ཀྱི་སྐོར་ལ་བགྲོ་གླེང་ཚོགས་འདུ་གནང་བ་དང་པོ་ཡིན་པ་དང་། ཉིན་གསུམ་གྱི་བགྲོ་གླེང་ཚོགས་འདུ་དེར་དགའ་ལྡན་ཁྲི་པ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས་གཙོས་མཁན་པོ་དགེ་བཤེས་མང་པོ་ལྷན་བཞུགས་གནང་ཡོད་པ་རེད།

XS
SM
MD
LG