ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟམ་གདོང་རིན་པོ་ཆེས་བོད་མི་ཚོས་ཕུགས་རྒྱང་བའི་འཆར་སྣང་ལ་བསམ་བློ་གཏོང་དགོས་གསུངས་པ།


བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་ཀྱི་བདེན་དོན་མ་གསལ་བར་དྷ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་འདི་མུ་མཐུད་སྲ་བརྟན་གནས་རྒྱུར་རྒྱ་གར་ནང་ཡོད་པའི་བོད་མི་ཚོས་སྐྱབས་བཅོལ་བའི་གནས་བབས་བཟུང་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། བཙན་བྱོལ་བོད་མི་ཚོས་གནས་སྐབས་ཀྱི་གནས་ཚུལ་ཁོ་ནར་བསམ་བློ་མ་བཏང་བར་ཕུགས་རྒྱང་རིང་པོར་མནོ་བསམ་བྱེད་ཐུབ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག དེ་ཡང་ཉེ་དུས་ཝ་ར་ཎ་སི་བོད་མིའི་ཆེས་མཐོའི་སློབ་གྲའི་སློབ་ཟུར་ཚོས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་དགུང་གྲངས་ ༧༥ ལ་ཕེབས་པའི་འཁྲུངས་སྐར་གྱི་མངོན་བསྟོད་མཛད་སྒོ་གནང་སྐབས་མཐོ་རིམ་སློབ་གྲ་དེ་ནས་ཐོན་པའི་སློབ་ཕྲུག་ཟུར་པ་ཚོར་བཀའ་སློབ་གནང་བའི་ནང་རིན་པོ་ཆེ་མཆོག་གིས་སློབ་ཟུར་དེ་དག་གི་ཁོངས་ནས་མང་ཆེ་བ་བོད་མིའི་སྤྱི་ཚོགས་ནང་འགན་འཁུར་ཆེན་པོ་ལེན་མཁན་མི་སྣ་དང་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་ཡོད་མཁན་ཡིན་པར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབས་དང་འབྲེལ་བའི་གནད་དོན་ལ་རིན་པོ་ཆེ་སྐུ་སྒེར་གྱི་གཟིགས་ཚུལ་འགའ་ཞིག་གསུངས་པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ནས་ཟུར་དུ་ཐོན་པ་དེས་ཕུགས་རྒྱང་རིང་པོར་བོད་མིའི་མདུན་ལམ་ཁེ་ཕན་ལེན་ཐུབ་པའི་གནད་དོན་མང་པོ་ཡོད་པ་དེ་དག་བོད་མི་ཚོས་ངོས་འཛིན་ཐུབ་ནས་ལག་ལེན་འགེལ་ཐབས་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་འདུག

XS
SM
MD
LG