ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཚོགས་ཆེན་རོམ་དུ་སྤོེར་བ།


ལྷོ་ཨ་ཧྥེ་རི་ཀས་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་ཝེ་ས་མ་སྤྲད་པར་བརྟེན། དེ་སྔོན་གྲོང་ཁྱེར་Cape Town ནང་འཚོགས་གཏན་འཁེལ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཚོགས་ཆེན་ནི་ད་ལྟ་ཨི་ཊ་ལིའི་གྲོང་ཁྱེར་རོམ་ནང་སྤོར་བ་ཡིན་ཞེས་ཚོགས་ཆེན་བཀོད་སྒྲིག་པས་གཟའ་ཉི་མའི་ཉིན་གསལ་བསྒྲགས་བྱས་ཡོད།།

ཚོགས་ཆེན་དེ་ནི་ཨི་ཊ་ལིའི་གྲོང་ཁྱེར་རོམ་ནང་དུ་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༢་ནས་༡༤་བར་འཚོག་རྒྱུ་ཡིན་པ་རེད།།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་ཚོགས་ཆེན་དེ་ལ་ཕེབས་འདོད་ཀྱི་ཐུགས་འདུན་ཡོད་པའི་རྣམ་འགྱུར་བསྟན་པ་ལ་མ་ལྟོས་པར་ལྷོ་ཨ་ཧྥེ་རི་ཀས་༧གོང་ས་མཆོག་ལ་ཐོངས་མཆན་ཝེ་ས་མ་སྤྲད་པར་བརྟེན་ཕྱི་ཟླ་དགུ་བའི་ནང་འཚོག་གཏན་འཁེལ་བའི་ཚོགས་འདུ་དེ་གནས་སྐབས་རིང་མཚམས་འཇོག་བྱས་པ་ཡིན་ཞེས་གོ་སྒྲིག་པས་གསལ་བསྒྲགས་བྱས་པ་རེད།།

ལྷོ་ཨ་ཧྥེ་རི་ཀའི་གཞུང་གིས་༧གོང་ས་མཆོག་ལ་ཐོངས་མཆན་ཝེ་ས་མ་སྤྲད་པ་མིན་པར་༧གོང་ས་མཆོག་གིས་ཝེ་ས་ཞུ་ཡིག་ཕྱིར་འཐེན་བྱས་པ་རེད་ཅེས་བཤད་ཀི་ཡོད། འདི་ནི་ལྷོ་ཨ་ཧྥེ་རི་ཀའི་གཞུང་གིས་རྒྱ་ནག་དང་དཔལ་འབྱོར་མཉམ་ལས་གོང་སྤེལ་གཏོང་བར་བར་ཆད་མི་ཡོང་ཕྱིར་༧གོང་ས་མཆོག་ལ་ཐོངས་མཆན་མ་སྤྲད་པ་ཐེངས་གསུམ་པ་དེ་ཆགས་ཡོད།།

ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་ཚོགས་ཆེན་ཐོག་མ་ནས་བདུན་པའི་བར་ནི་གྲོིང་ཁྱེར་རོམ་དུ་འཚོགས་པ་དང་། གལ་ཏེ་ཐེངས་འདིར་གྲོང་ཁྱེར་Cape Town ནང་དུ་འཚོགས་ཐུབ་ཡོད་ཚེ་དེ་ནི་ཨ་ཧྥེ་རི་ཀ་རུ་ཚོགས་ཆེན་འདི་འཚོགས་པ་ཐེངས་དང་པོ་དེ་ཆགས་ཡོད། འདིའི་སྔོན་ལ་ཚོགས་ཆེན་འདི་ནི་གྲྲོང་ཁྱེར་Paris དང་། Berlin, Hiroshima, Chicago, Warsaw བཅས་ཀྱི་ནང་འཚོགས་པ་རེད།།

ཟླ་རྗེས་མའི་ནང་གི་ཚོགས་ཆེན་སྟེང་ལྷོ་ཨ་ཧྥེ་རི་ཀའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལེའུ་རྫོགས་ནས་ལོ་༢༠་འཁོར་བ་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་འདས་པོ་Nelson Mandela ཡི་མཛད་རྗེས་སྲུང་བརྩི་བྱ་རྒྱུ་ཡིན་པ་རེད།།

ལྷོ་ཨ་ཧྥེ་རི་ཀའི་ལས་འཁྱུར་གནང་ཡོད་པའི་ཡེ་ཤུའི་བླ་དཔོན་Desmond Tutu ཡིས་༧གོང་ས་མཆོག་ལ་ཐོངས་མཆན་ཡི་གེ་མ་སྤྲད་པ་དེར་ཧ་ཅང་བློ་ཕམ་ཡོད་ཅེས་ལྷོ་ཨ་ཧྥེ་རི་ཀའི་གཞུང་ལ་སྐྱོན་བརྗོད་དྲག་པོ་གནང་བ་རེད།།

XS
SM
MD
LG