ངོ་འཕྲད་བདེ་བའི་དྲ་འབྲེལ།

ཤིང་ཅང་གི་ནང་མི་ཉི་ཤུ་རྩ་གཉིས་ལ་ཁྲིམས་དང་འགལ་བའི་ཐོག་ནས་ཆོས་ཆད་སྤེལ་བྱས་པའི་ཉེས་འཛུགས།


རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པ་ཤིང་ཅང་གི་ཁྲིམས་ཁང་ཞིག་གིས། མི་གྲངས་ཉི་ཤུ་རྩ་གཉིས་ལ། ཁྲིམས་དང་འགལ་བའི་ཐོག་ནས་ཆོས་ཆད་སྤེལ་བྱས་པའི་ཉེས་འཛུགས་བྱས་ཏེ། བཙོན་འཇུག་གི་བཅད་ཁྲ་བཏང་ཡོད་པ་དང་། ཁྲིམས་བཅད་ཕོག་མཁན་དེ་དག་གི་ཁོངས་སུ། རྒྱ་ནག་གཞུང་གིས་བསྐོ་འཛུགས་མ་བྱས་པའི་ཁ་ཆེའི་ཆོས་དཔོན་ནམ། ཨ་ཀོང་དེ་འདྲ་ཡོད་པ་དང་། ཁོང་ཚོར་ཁྲིམས་མཐུན་མིན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་དང་། མི་རིགས་ཀྱི་དབར་འཁོན་འཁྲུག་བསླངས་པ་ཟེར་བའི་ཉེས་འཛུགས་བྱས་ཏེ། ལོ་ལྔ་ནས་བཅུ་དྲུག་བར་བཙོན་འཇུག་གི་བཅད་ཁྲ་འདྲ་མིན་བཏང་ཡོད་པ་རེད། རྒྱ་ནག་གཞུང་གཉེར་གསར་ཁང་ཁག་གིས་གོང་ཞུས་ཀྱི་གནས་ཚུལ་དེ་ཚོ་སྤེལ་བའི་ནང་། མི་དེ་དག་གི་མིང་ལ་སོགས་པ་ཕྱི་བསྒྲགས་བྱས་མེད་ཀྱང་། ཤིང་ཅང་ནི། གྲངས་ཉུང་ཡུ་གུར་ཁ་ཆེའི་མི་རིགས་གནས་སའི་ས་ཁུལ་ཞིག་ཡིན་པས། ད་རེས་ཁྲིམས་ཆད་ཕོག་མཁན་དེ་དག་ཀྱང་ཡུ་གུར་མི་རིགས་ཡིན་པར་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། མི་དེ་དག་ལ་ལོ་མང་བཙོན་འཇུག་གི་ཁྲིམས་བཅད་བཏང་བར། བཙན་བྱོལ་དུ་ཡོད་པའི་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཏེ། རྒྱ་གཞུང་གི་བཙན་གནོན་འོག་ཡུ་གུར་མི་རིགས་རྣམས་ལ་ཆོས་དད་རང་མོས་ཀྱི་ཐོབ་ཐང་ཡང་ཡོག་མ་རེད་ཅེས་བརྗོད་འདུག

XS
SM
MD
LG